མཚོ་སྔོན་ཞིང་ཆེན་གྱིས་སྔར་ལས་ལྷག་པའི་སྒོ་ནས་ཆུའི་ཐོན་ཁུངས་དོ་དམ་བྱ་བར་ཤུགས་སྣོན་པའི་སྐོར་གྱི་ལག་བསྟར་བསམ་འཆར་པར་བསྐྲུན་འགྲེམ་སྤེལ་བྱས།
2023.03.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

གསར་འགོད་པས་ཉེ་སྔོན་མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱིས་སྔར་ལས་ལྷག་པའི་སྒོ་ནས་ཆུའི་ཐོན་ཁུངས་དོ་དམ་བྱ་བར་ཤུགས་སྣོན་པའི་སྐོར་གྱི་ལག་བསྟར་བསམ་འཆར་པར་བསྐྲུན་འགྲེམ་སྤེལ་བྱས་ཏེ། ཆུའི་ཐོན་ཁུངས་ལེགས་བསྒྱུར་བཀོད་སྒྲིག་དང་གྲོན་ཆུང་སྲུང་སྐྱོབ་གཙོ་གནད་དུ་བཟུང་ནས། ཆུ་བཀོལ་གྱི་ལྟ་རྟོག་དོ་དམ་ཇེ་དྲག་ཏུ་གཏོང་བ་དང་། འགན་འཁྲིའི་དཔྱད་ཞིབ་ལམ་ལུགས་འཐུས་ཚང་དུ་གཏོང་བ། ཕྱོགས་ཡོངས་ནས་ཆུ་བཀོལ་བྱེད་ནུས་དང་ཕན་འབྲས་མཐོར་འདེགས་བྱེད་པ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པར་རོགས་འདེགས་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་ཆུའི་ཐོན་ཁུངས་ཀྱི་གཞོགས་འདེགས་འདོན་སྤྲོད་བྱེད་པར་སྐུལ་འདེད་བཏང་ཡོད།

བསམ་འཆར་ལས་བསྟན་དོན། ཉིས་སྟོང་ཉེར་ལྔ་ལོའི་བར་ཞིང་ཆེན་ཡོངས་སུ་མ་ལག་ལྡན་ཞིང་འཐུས་སྒོ་ཅུང་ཚང་བའི་ཆུ་བཀོལ་ཚད་འཇལ་མ་ལག་ཕལ་ཆེར་བཙུགས་ནས། ཞིང་ལས་མ་ཡིན་པའི་ཆུ་ལེན་ས་དང་ཆུ་གཏོང་ཆུ་རྐ་ཆེ་འབྲིང་གི་ཆུ་ལེན་སའི་ཚད་འཇལ་བྱ་བ་ཡོངས་ལ་ཁྱབ་པར་བྱེད་དགོས་པ་དང་། ཆུ་བཀོལ་དབང་ཆའི་ཐོག་མའི་བགོ་བཤའི་ལམ་ལུགས་ཕལ་ཆེར་བཙུགས་ཏེ། ས་ཁོངས་ཆུ་དབང་དང་ཆུ་ལེན་མཁན་གྱི་ཆུ་དབང་ཕལ་ཆེར་གསལ་བོ་ཡིན་ལ། ཆུ་བཀོལ་དབང་ཆའི་ཚོང་ར་ཅན་གྱི་ཉོ་ཚོང་སྔར་ལས་གསོན་ཉམས་ལྡན་པར་བྱེད་དགོས། ཞིང་ཆེན་ཡོངས་ཀྱི་ཆུ་བཀོལ་སྤྱིའི་ཚད་སྨིད་རྒྱ་དཔངས་གྲུ་བཞི་མ་ཐེར་འབུམ་གཉིས་དང་དུང་ཕྱུར་དགུ་བྱེ་བ་དྲུག་ནང་ཚོད་འཛིན་བྱེད་དགོས། ཉིས་སྟོང་སུམ་ཅུ་ལོའི་བར། ཞིང་ཆེན་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རགྱས་ལ་ཚོད་འཛིན་ཐེབས་པའི་ཆུའི་ཐོན་ཁུངས་དང་ཆུའི་སྐྱེ་ཁམས། ཆུའི་ཁོར་ཡུག་སོགས་ཐད་ཀྱི་འབུར་ཐོན་གནད་དོན་ཕན་ནུས་ལྡན་པའི་སྒོ་ནས་ཐག་གཅོད་བྱེད་རྒྱུ་རེད།

བསམ་འཆར་ལས་ཕྱོགས་བཞི་ནས་ལས་འགན་གཙོ་བོ་བཀོད་སྒྲིག་བྱས་ཡོད་དེ། གཅིག་ནས་སྤྱིའི་ཚད་ཚོད་འཛིན་ནན་མོ་བྱས་ནས་རྩ་འཛིན་རང་བཞིན་གྱི་ཚོད་འཛིན་བྱ་བ་ཇེ་དྲག་ཏུ་གཏོང་དགོས། གཉིས་ནས་ས་འོག་གི་ཆུའི་དོ་དམ་ལ་ཤུགས་སྣོན་བྱས་ཏེ་བཅོས་སྐྱོང་བྱེད་ནུས་མཐོར་འདེགས་བྱེད་དགོས། གསུམ་ནས་ཆུའི་གྲོན་ཆུང་དང་དོ་དམ་ལ་ཤུགས་སྣོན་བྱས་ནས་ཆུ་བཀོལ་གྱི་ཕན་ནུས་མཐོར་འདེགས་གཏོང་དགོས། བཞི་ནས་ཆུའི་ཐོན་ཁུངས་སྲུང་སྐྱོབ་ནན་མོ་བྱས་ཏེ་རྒྱུན་མཐུད་ངང་བེད་སྤྱོད་བྱེད་པར་འགན་སྲུང་བྱེད་དགོས།


བསོད་ནམས་ཚེ་རིང་གིས་བསྒྱུར།