ཟླ་གསུམ་པའི་ཚེས་ཉེར་དྲུག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོའི་འཕེལ་རྒྱས་མཐོ་རིམ་གླེང་སྟེགས་ཀྱི་ཉིས་སྟོང་ཉེར་གསུམ་ལོའི་ལོ་ཚོགས་ལ་འཕྲིན་ཡིག་བསྐུར་ནས་རྟེན་འབྲེལ་ཞུས།
ཞི་ཅིན་ཕིང་གིས་དེང་སྐབས་འཛམ་གླིང་དུ་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་ཚབས་ཇེ་ཆེར་འགྲོ་བཞིན་ཡོད་ཅིང་། འཛམ་གླིང་གི་ས་གནས་ཁ་ཤས་སུ་གདོང་ཐུག་དང་ཟང་ཟིང་གི་རྣམ་པ་རིམ་པར་ཐོན་བཞིན་ཡོད་ལ། འཛམ་གླིང་གི་དཔལ་འབྱོར་སླར་གསོའི་སྒུལ་ཤུགས་འདང་ངེས་མིན་པ་བཅས་ཀྱི་སྣང་ཚུལ་གནས་ཡོད། འཛམ་གླིང་གི་དཔལ་འབྱོར་སླར་གསོའི་ལས་དོན་ལ་སྐུལ་འདེད་གཏོང་བར་ཅིས་ཀྱང་ངོས་འཛིན་གཅིག་མཐུན་དང་མཉམ་ལས་བྱེད་དགོས། ཀྲུང་གོས་འཛམ་གླིང་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་བཏོན་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་རྒྱ་ཁྱབ་ངང་ཐོབ་པ་དང་དང་ལེན་གང་ལེགས་བྱས་ཡོད། ཀྲུང་གོས་ཕྱི་ཕྱོགས་སྒོ་འབྱེད་ཀྱི་གཞི་རྩའི་རྒྱལ་ཇུས་རྒྱུན་འཁྱོངས་བྱེད་པ་དང་གཉིས་ཕན་གཉིས་རྒྱལ་གྱི་སྒོ་འབྱེད་འཐབ་ཇུས་བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར་བྱས་ཏེ། ཀྲུང་གོའི་འཕེལ་རྒྱས་གསར་པར་བརྟེན་ནས་འཛམ་གླིང་ལ་གོ་སྐབས་གསར་པ་ཟམ་མི་ཆད་པར་འདོན་སྤྲོད་བྱ་རྒྱུ་ཡིན། ཀྲུང་གོས་སྒྲིག་སྲོལ་དང་ལམ་ལུགས། དོ་དམ། ཚད་གཞི་སོགས་ཀྱི་ལམ་ལུགས་རྣམ་པའི་སྒོ་འབྱེད་བརྟན་པོའི་ངང་རྒྱ་སྐྱེད་བཏང་ནས། རྒྱལ་ཁབ་སོ་སོས་ལམ་ལུགས་རྣམ་པའི་སྒོ་འབྱེད་ཀྱི་གོ་སྐབས་མཉམ་སྤྱོད་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས།
ཀྲུང་གོའི་འཕེལ་རྒྱས་མཐོ་རིམ་གླེང་སྟེགས་ཀྱི་ཉིས་སྟོང་ཉེར་གསུམ་ལོའི་ལོ་ཚོགས་ཉིན་དེར་པེ་ཅིང་དུ་བསྡུས་པ་དང་། ཐེངས་འདིའི་གླེང་སྟེགས་ཀྱི་བརྗོད་དོན་ནི་དཔལ་འབྱོར་སླར་གསོའི་ལས་དོན་གྱི་གོ་སྐབས་དང་མཉམ་ལས་ཞེས་པ་དེ་ཡིན་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱིས་གཙོ་སྒྲུབ་བྱས།
བན་དེ་སྐྱབས་ཀྱིས་བསྒྱུར།