ཞིང་ཆེན་སྲིད་གྲོས་ཀྱིས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་སྐྲུན་བྱ་བར་ཡར་སྐུལ་བྱེད་པའི་ཆེད་དོན་རྟོག་ཞིབ་གནས་ཚུལ་མཚམས་སྦྱོར་ཚོགས་འདུ་བསྡུས།
2023.03.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 28

ཉེ་ལམ། ཞིང་ཆེན་སྲིད་གྲོས་ཀྱིས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་སྐྲུན་བྱ་བར་ཡར་སྐུལ་བྱེད་པའི་ཆེད་དོན་རྟོག་ཞིབ་གནས་ཚུལ་མཚམས་སྦྱོར་ཚོགས་འདུ་བསྡུས་པ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཐེན་ཁུའེ་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད།

ཚོགས་འདུའི་སྟེང་འབྲེལ་ཡོད་བྱ་བའི་གནས་ཚུལ་མཚམས་སྦྱོར་བྱས་པར་ཉན་རྗེས། ཐེན་ཁུའེ་ཡིས་བཤད་རྒྱུར། རང་ཞིང་གི་འབྲེལ་ཡོད་ལས་ཁུངས་ཀྱིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མས་ལས་ཞུགས་ལས་སྐྲུན་བྱེད་པའི་སྐོར་གྱི་བྱ་བའི་བཀོད་སྒྲིག་ལག་བསྟར་དང་དངོས་འབེབས་བཟང་བོ་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་སྐྲུན་བྱ་བ་དེ་འབུར་ཐོན་གོ་གནས་སུ་བཞག་ཅིང་ཚད་མཐོན་པོས་སྐུལ་སྤེལ་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། ལས་ཞུགས་སྲིད་ཇུས་མ་ལག་ཞིབ་ཕྲ་སྒོས་དངོས་འབེབས་བྱས་ནས་ལས་ཞུགས་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་བསྐྱེད་པ་དང་། སྤྱི་ཐུན་ལས་ཞུགས་ཞབས་ཞུ་ལེགས་སྒྱུར་བྱས་ལ། ཚོགས་པ་གཙོ་བོར་རོགས་སྐྱོར་བྱེད་པར་ཤུགས་བསྣན་ནས། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་གནས་བབ་ཧྲིལ་བོ་བརྟན་འཇགས་སུ་བཏང་ཡོད།

ཐེན་ཁུའེ་ཡིས་བསྟན་དོན། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་སྐྲུན་ལ་ཡར་སྐུལ་བྱེད་པ་ནི་ཁྱོན་ཡོངས་ཀྱི་གནད་དོན་གལ་ཆེན་ལ་འབྲེལ་བ་ཡོད་ཅིང་། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཁེ་ཕན་ལ་འབྲེལ་བ་ཡོད་པ་དང་། དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་འཇགས་ལའང་འབྲེལ་བ་ཡོད། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་སྐྲུན་བྱ་བར་ཡར་སྐུལ་བྱེད་པ་ནི་ཞིང་ཆེན་སྲིད་གྲོས་ཀྱིས་ད་ལོར་གྲོས་མོལ་བྱེད་པའི་བརྗོད་སྙིང་གཙོ་བོ་ཡིན་པས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་ལས་ཞུགས་གཙོར་འཛིན་པའི་སྲིད་ཇུས་ལ་ཤུགས་སྣོན་པའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་པ་དང་། རང་འགུལ་སྒོས་བློ་འདོན་ཇུས་འབུལ་བྱས་ནས། རང་ཞིང་གི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མས་ལས་ཞུགས་ལས་སྐྲུན་བྱེད་པའི་ཐུན་མོང་གི་ལྟ་ཚུལ་གཅིག་སྡུད་བྱེད་པར་རོགས་འདེགས་བྱེད་དགོས། ཆབ་སྲིད་ལངས་གནས་སྲ་བརྟན་དུ་བཏང་སྟེ། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་སྐྲུན་བྱ་བ་བཟང་བོར་སྒྲུབ་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གསལ་བོ་བྱེད་པ་དང་། ལས་ཞུགས་གཙོར་འཛིན་པའི་སྲིད་ཇུས་དངོས་འབེབས་བཟང་པོ་བྱེད་དགོས་ལ། ལས་ཞུགས་སྐུལ་སྤེལ་རྐྱེན་སྲོལ་ཆ་ཚང་དུ་གཏོང་བ་དང་། སྤུས་ཚད་མཐོ་བའི་ལས་ཞུགས་བྱ་བ་བཟང་བོར་སྒྲུབ་དགོས། བྱ་བའི་མཉམ་ཤུགས་ཆགས་པར་བྱས་ཏེ། འབྲེལ་འདྲིས་དང་གཞོགས་འདེགས་ལ་ཤུགས་སྣོན་པ་དང་་བརྗེ་རེས་ཆ་འཕྲིན་ཁྱབ་སྒྲོག་བྱེད་པ། མཉམ་དུ་དཀའ་གནད་སེལ་ནས། ཕྱོགས་ཡོངས་ནས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་སྐྲུན་བྱ་བར་སྐུལ་འདེད་གཏོང་དགོས། སྲིད་གྲོས་ཀྱི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱེད་པ་དང་། ཞིབ་བཤེར་དང་ཞིབ་འཇུག་བྱས་པ་བརྒྱུད་དེ་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱེད་པ། གནད་དོན་ལ་རྩད་གཅོད་ནན་མོ་བྱེད་པ། ཞིབ་འཇུག་བྱས་ཏེ་གནད་དོན་ཐག་གཅོད་པ་དང་བྱ་བ་ལེགས་སྒྱུར་བྱེད་པའི་བསམ་ཕྱོགས་དང་བྱེད་ཐབས་འདོན་པ། སྟོབས་ཤུགས་ཡོད་རྒུ་བཏོན་ནས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་སྐྲུན་བྱ་བར་རོགས་འདེགས་བྱེད་དགོས།

                                                                                                                  བཀྲ་ཤིས་འབུམ་གྱིས་བསྒྱུར།