ཞི་ཅིན་ཕིང་གི་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་སྐོར་གྱི་རྒྱས་བཤད་བཏུས་བསྒྲིགས་ཞེས་པའི་དཔེ་དེབ་དཔེ་སྐྲུན་འགྲེམས་སྤེལ་བྱས།
2023.03.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 42

ཉེ་ལམ། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཚགས་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི། ཞི་ཅིན་ཕིང་གི་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་སྐོར་གྱི་རྒྱས་བཤད་བཏུས་བསྒྲིགས་ཞེས་པའི་དཔེ་དེབ་ཀྲུང་དབྱང་ཚད་ལྡན་ཡིག་ཚགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས།

འབྲུ་རིགས་བདེ་འཇགས་ནི་རྒྱལ་ཁབ་ཀྱི་དོན་ཆེན་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ།  བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། ཐོག་མཐའ་བར་གསུམ་དུ་མི་འབོར་དུང་ཕྱུར་བཅུ་ལྷག་གི་ལྟོ་གོས་གནད་དོན་ཐག་གཅོད་ཡག་པོ་བྱས་པ་དང་། རྒྱལ་སྲིད་སྐྱོང་ལུགས་ཀྱི་དོན་ཆེན་ཞིག་ཏུ་བརྩིས་ནས། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་མགྱོགས་མྱུར་གྱིས་སྐུལ་འདེད་བཏང་བ་དང་། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འཐབ་ཇུས་ལག་བསྟར་བྱས་ཏེ། ས་ཞིང་དང་ལག་རྩལ་ལ་བརྟེན་ནས་འབྲུ་རིགས་གསོག་ཉར་རྒྱུན་འཁྱོངས་བྱས་པ་དང་། རྨོ་ཞིང་སྲུང་སྐྱོབ་ལམ་ལུགས་ཆེས་ནན་མོ་ལག་བསྟར་བྱས་ཏེ། འདེབས་འཛུགས་ལས་རིགས་ཀྱི་ཚན་རྩལ་རང་སྟོབས་རང་སྤེལ་དང་། ས་བོན་གྱི་འབྱུང་ཁུངས་རང་བརྟེན་ཚོད་འཛིན་ལ་སྐུལ་འདེད་བཏང་བས། རང་རྒྱལ་གྱི་འབྲུ་རིགས་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པར་མ་ཟད། འབྲུ་རིགས་ཐོན་ཚད་བསྡོམས་འབོར་གྱིས་འཛམ་གླིང་གི་ཨང་དང་པོ་ཟིན་པ་ལས་གཞན། མི་འབོར་ཐེར་འབུམ་གཅིག་དང་དུང་ཕྱུར་བཞི་ལྷག་གི་འབྲུ་རིགས་བདེ་འཇགས་ལ་འགན་སྲུང་ནུས་ལྡན་ཐོབ་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་དམིགས་ནས་སྤེལ་བའི་རྒྱས་བཤད་གལ་ཆེན་རབ་དང་རིམ་པ་ནི་ཕུགས་རྒྱང་རིང་བ་དང་ནང་དོན་ཕུན་སུམ་ཚོགས་ལ། དགོངས་པ་གཏིང་ཟབ་པས། གྲོང་གསེབ་དར་སྤེལ་གཏོང་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་། ཞིང་ལས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་ཚད་སྔར་ལས་ཇེ་མགྱོགས་སུ་གཏོང་བ། ཁྱོན་ཡོངས་ནས་འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ། འབྲུ་རིགས་བདེ་འཇགས་ཀྱི་ཏང་སྲིད་ཀྱི་འགན་འཁྲི་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། ཀྲུང་གོ་བའི་ཟས་ཕོར་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་རྒྱུ་འགན་ལེན་བྱེད་པ་བཅས་ཀྱི་ཐད་དོན་སྙིང་ཆེན་པོ་ལྡན།

རྒྱས་བཤད་བཏུས་བསྒྲིགས་དེ་ཆེད་དོན་བརྒྱད་དང་རྒྱས་བཤད་དུམ་བུ་ཉིས་བརྒྱ་དང་བཞི་བཅུ་ཡིས་གྲུབ་ཡོད་ཅིང་། དེབ་དེའི་ནང་དུ་བློ་མཐུན་ཞི་ཅིན་ཕིང་གི་ཉིས་སྟོང་བཅུ་གཉིས་ལོའི་ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔ་ཉིན་ནས་ཉིས་སྟོང་ཉེར་གཉིས་ལོའི་ཟླ་བཅུ་གཉིས་པའི་ཚེས་ཉེར་གསུམ་ཉིན་བར་གྱི་སྙན་ཞུ་དང་གསུང་བཤད། གཏམ་གླེང་། གླེང་མོལ། རྟེན་འབྲེལ་ཞུ་ཡིག མཛུབ་སྟོན། མཆན་བཀོད་མཛུབ་སྟོན་སོགས་ཚད་ལྡན་ཡིག་ཆ་གལ་ཆེན་བརྒྱད་ཅུ་ལྷག་བཏུས་བསྒྲིགས་བྱས་ཡོད། དེབ་དེའི་ནང་གི་རྒྱས་བཤད་ཁག་ཅིག་ནི་ཐོག་དང་པོར་ཡོངས་བསྒྲགས་བྱས་པ་རེད།

བན་དེ་སྐྱབས་ཀྱིས་བསྒྱུར།