ཟླ་གསུམ་པའི་ཚེས་ཉེར་བདུན་ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་པེ་ཅིང་དུ། ཀྲུང་གོའི་འཕེལ་རྒྱས་མཐོ་རིམ་གླེང་སྟེགས་ཀྱི་ཉིས་སྟོང་ཉེར་གསུམ་ལོའི་ལོ་ཚོགས་ལ་ཞུགས་པའི་ཕྱི་རྒྱལ་གྱི་འཐུས་མིར་མཇལ་འཕྲད་གནང་། འབྲེལ་ཡོད་རྒྱལ་ཁབ་ཀྱི་སྲིད་དོན་མི་སྣ་གལ་ཆེན་དང་འཛམ་གླིང་གི་ཁེ་ལས་སྟོབས་ཅན་ལྔ་བརྒྱ་ཡི་འགན་འཁུར་བ། རྒྱལ་སྤྱིའི་མིང་དུ་གྲགས་པའི་རིག་གཞུང་ཞིབ་འཇུག་ལས་ཁུངས་ཀྱི་ཆེད་མཁས་པ་དང་རིག་གནས་པ། རྒྱལ་སྤྱིའི་རྩ་འཛུགས་གཙོ་བོའི་འཐུས་མི་སོགས་ཐེངས་འདིའི་ལོ་ཚོགས་ཁྲོད་ཞུགས།
ལིས་ཆང་གིས་འདས་ཟིན་པའི་ལོ་བཅུའི་རིང་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག་ཏུ། ཀྲུང་གོའི་དཔལ་འབྱོར་གྱིས་ཐོག་མཐའ་བར་གསུམ་དུ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུ་རྒྱུན་འཁྱོངས་བྱས་ནས། འཛམ་གླིང་དཔལ་འབྱོར་གྱི་གཏིང་རྡོ་དང་སྒུལ་ཤུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཀྱི་ཆེད་དུ་གཏན་འཁེལ་རང་བཞིན་སྔར་ལས་གང་མང་བསྣན་ཡོད། མ་འོངས་པར་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱིས་མྱུར་ཚད་ངེས་ཅན་ཞིག་རྒྱུན་འཁྱོངས་བྱེད་ཐུབ་པ་དང་མཉམ་དུ། སྤུས་ཚད་བཅོས་སྒྱུར་དང་ལས་ཆོད་བཅོས་སྒྱུར། སྒུལ་ཤུགས་བཅོས་སྒྱུར་བཅས་བྱེད་ཚད་སྔར་ལས་ཇེ་མགྱོགས་སུ་བཏང་ནས། སྤུས་ཚད་སྔར་ལས་མཐོ་བའི་འཕེལ་རྒྱས་མངོན་འགྱུར་གང་ལེགས་བྱས་ཏེ། མི་དམངས་ཀྱི་འཚོ་བ་སྔར་ལས་མཛེས་སྡུག་ལྡན་པར་འབད་རྒྱུ་ཡིན་ལ། གནད་འདི་དག་གིས་འཛམ་གླིང་གི་དཔལ་འབྱོར་འཕར་སྣོན་ཡོང་བར་སྒུལ་ནུས་གསར་པ་འདོན་སྤྲོད་བྱེད་ཐུབ་ཅིང་། རྒྱལ་ཁབ་ཁག་སོ་སོའི་ཁེ་ལས་ཀྲུང་གོ་རུ་འཕེལ་རྒྱས་འགྲོ་བར་བར་སྟོང་རྒྱ་ཆེན་པོ་འདོན་སྤྲོད་བྱེད་ཐུབ་ཅེས་ནན་གྱིས་གསུངས།
ལིས་ཆང་གིས་ཀྲུང་གོའི་དཔལ་འབྱོར་འཛམ་གླིང་ཧྲིལ་པོའི་ལས་བགོས་མ་ལག་ཁྲོད་མཉམ་འདྲེས་གཏིང་ཟབ་བྱས་ཡོད། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན། ང་ཚོས་ཚད་གཞི་མཐོ་བའི་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་གི་སྒྲིག་སྲོལ་དང་སྦྲེལ་མཐུད་གང་ལེགས་བྱས་ནས། ལམ་ལུགས་རྣམ་པའི་སྒོ་འབྱེད་བརྟན་པོའི་ངང་རྒྱ་སྐྱེད་བཏང་སྟེ། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་བསྐྲུན་རྒྱུ་ཡིན་ཞེས་ནན་གྱིས་གསུངས།
ཕྱི་ཕྱོགས་ཀྱི་འཐུས་མིས་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་བླངས་པའི་གྲུབ་འབྲས་ལ་བསྔགས་བརྗོད་བྱས་ནས་བསྟན་དོན། རྒྱལ་ཁོངས་ལས་བརྒལ་བའི་ཁེ་ལས་ལ་ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་དང་མགྱོགས་མྱུར་འཕེལ་རྒྱས་ཁྲོད་ནས་ཕན་པ་ཐོབ་པར་མ་ཟད། ཀྲུང་གོའི་འཕེལ་རྒྱས་ལ་ཡང་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད། མ་འོངས་པར་ཀྲུང་གོའི་བར་མུ་མཐུད་དུ་མཉམ་ལས་གཏིང་ཟབ་བྱ་རྒྱུ་ཡིན། ཀྲུང་གོའི་གྲུབ་འབྲས་ནི་འཛམ་གླིང་ཧྲིལ་པོའི་རྒྱལ་ཁོངས་ལས་བརྒལ་བའི་ཁེ་ལས་ཀྱི་གྲུབ་འབྲས་ཤིག་ཀྱང་ཡིན་ཞེས་བསྟན།
རྒྱལ་སྲིད་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་འཁུར་མཁན་ཆིན་ཀང་སོགས་མཇལ་འཕྲད་ལ་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།