ཟླ་གསུམ་པའི་ཚེས་ཉེར་བདུན་ཉིན་གྱི་ཕྱི་དྲོར། སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་གསུམ་པ་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཚོགས་འདུར་མགོ་འཛིན་མཛད་ནས་གསུང་བཤད་གནང་།
ཝང་ཧུའུ་ཉིང་གིས་ད་ཐེངས་ཀྱི་ཀྲུའུ་ཞིའི་གྲོས་ཚོགས་སྟེང་དུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཉིས་སྟོང་ཉེར་གསུམ་ལོའི་ལས་དོན་གལ་ཆེན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་ཡོད་པས། ལག་བསྟར་དང་དོན་འཁྱོལ་བྱ་རྒྱུ་དམ་འཛིན་ནན་མོ་བྱེད་དགོས། གཅིག་ནས་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་པར་ཤུགས་བསྣན་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་གཙོ་གནད་དུ་བཟུང་ནས་སློབ་སྦྱོང་ཡག་པོ་བྱེད་པ་དང་གོ་བ་ཡག་པོ་ལེན་པ། ལག་བསྟར་ཡག་པོ་བཅས་བྱས་ཏེ། ཀྲུང་གུང་ཀྲུང་དབྱང་གིས་སྲིད་གྲོས་ལས་དོན་ཐད་བཏོན་པའི་བླང་བྱ་དོན་འཁྱོལ་བྱེད་པའི་བརྒྱུད་རིམ་དངོས་ཀྱི་ཁྲོད་དུ་བརྟན་ཐོག་ཡར་འཕེལ་དང་བཅོས་སྒྱུར་གསར་གཏོད་བྱས་ནས། སྲིད་གྲོས་ལས་དོན་གྱི་སྤུས་ཚད་དང་ཆུ་ཚད་ཟམ་མི་ཆད་པར་ཇེ་མཐོར་གཏོང་དགོས། གཉིས་ནས་མི་དམངས་སྲིད་གྲོས་ཀྱི་ངོ་བོ་དང་ངེས་གནས་ཁོང་དུ་ཡང་དག་པར་ཆུད་པར་བྱེད་རྒྱུ་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་ཁྱོན་ཡོངས་ལ་དམ་པོར་དམིགས་པ། རྩ་ཁྲིམས་དང་སྲིད་གྲོས་ཀྱི་སྒྲིག་ཡིག་དང་དེ་བཞིན་འབྲེལ་ཡོད་ལམ་ལུགས་ཀྱི་གཏན་འབེབས་གཞིར་བཟུང་ནས་རང་འགན་གཙང་སྒྲུབ་དང་འགན་འཁྲི་འཁུར་ཕོད་པར་བྱེད་དགོས། གསུམ་ནས་ཀུན་གྱི་སྣེ་ཁྲིད་དེ་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་བསྟར་བྱས་ནས། སྲིད་གྲོས་ཀྱི་འགན་འཁྲི་སྒྲུབ་པའི་རིང་ལ་དམངས་གཙོ་དར་སྤེལ་གང་ལེགས་གཏོང་བ་དང་། གྲོས་མོལ་སྲིད་གླེང་གི་བྱེད་སྒོ་སྤེལ་བའི་རིང་ལ་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་ངང་གྲོས་མོལ་བྱས་ཏེ། བསམ་ཚུལ་ལྷུག་བརྗོད་དང་རང་རང་སོ་སོའི་ལྟ་སྟངས་འདོན་པའི་རྣམ་པ་བཟང་པོ་ཞིག་གྲུབ་པར་བྱེད་དགོས། བཞི་ནས་རྨང་གཞི་ལེགས་པོ་འདིང་བ་དང་སྤུས་ཚད་སྔར་ལས་ཇེ་ལེགས་སུ་གཏོང་བ། ཆེད་དོན་ཨུ་ཡོན་ལྷན་ཁང་གི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། བརྟག་དཔྱད་ཞིབ་འཇུག་བྱེད་སྲོལ་དར་སྤེལ་གང་ལེགས་གཏོང་བ། སྲིད་གྲོས་ཨུ་ཡོན་གྱི་དཔུང་སྡེ་འཛུགས་སྐྲུན་དམ་འཛིན་གང་ལེགས་བྱེད་པ། ཨུ་ཡོན་གྱི་བློ་གྲོས་དང་སྟོབས་ཤུགས་ཅི་ཡོད་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ཁྲོད་ནས་གཅིག་སྡུད་བྱས་ཏེ། སྲིད་གྲོས་ཀྱི་འགན་ནུས་འདོན་སྤེལ་གང་ལེགས་བྱེད་དགོས་ཞེས་གསུངས།
བན་དེ་སྐྱབས་ཀྱིས་བསྒྱུར།