ཟླ་གསུམ་པའི་ཚེས་ཉེར་བདུན་ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ལ་སོང་སྟེ་བྱ་བར་རྟོག་ཞིབ་བྱས་པར་མ་ཟད་བཞུགས་མོལ་ཚོགས་འདུ་བསྡུས། ཁོས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བ་བཟང་བོར་སྒྲུབ་པའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱས་ཏེ། དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་མདུན་དུ་ལྷགས་པའི་གནས་ཚུལ་གསར་པ་དང་གནད་དོན་གསར་པ་གཙོར་བཟུང་ནས་ཞིབ་འཇུག་བྱེད་པ་དང་། འཐབ་ཇུས་དང་ཁྱོན་ཡོངས་ཀྱི་མཐོ་ཚད་ནས་སྐུལ་སྤེལ་བྱ་བར་འཆར་འགོད་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་སེམས་ཤུགས་གཅིག་སྡུད་བྱེད་དགོས།
ཁྲིན་ཀང་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ལས་ཁུངས་ཀྱི་ཕྱོགས་བསྡུས་མཐུན་སྦྱོར་ཁྲུའུ་དང་བོད་འབྲེལ་བྱ་བའི་ཁྲུའུ། ཆོས་ལུགས་བྱ་བའི་ཁྲུའུ་བཅས་ལ་སོང་སྟེ་ལས་བྱེད་པ་དང་མཉམ་དུ་བསམ་བློ་བརྗེ་རེས་བྱས་པ་དང་བྱ་བ་བསྒྲུབས་པའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། བྱ་བའི་ཡར་ཞུ་ལ་ཉན་རྗེས། ཁྲིན་ཀང་གིས་བསྟན་དོན། བསམ་བློ་ཆབ་སྲིད་སྣེ་ཁྲིད་ལ་ཤུགས་བསྣན་ཏེ། ཏང་གི་གསར་སྐྲུན་རིགས་གཞུང་ལ་བརྟེན་ནས་མི་ལ་སློབ་གསོ་གཏོང་བ་དང་མི་ལ་སྣེ་ཁྲིད་བྱེད་པ། མི་ལ་སྐུལ་ལྕག་བྱེད་པ། མི་སེམས་གཅིག་སྡུད་བྱེད་དགོས་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་བྱ་བ་བཟང་བོར་སྒྲུབ་པའི་སྐོར་གྱི་དགོངས་པ་གལ་ཆེན་དམངས་གཙོ་ཏང་ཁག་སོ་སོ་དང་དགོན་པ་དང་ཆོས་ཁང་། ཆོས་ལུགས་སློབ་གླིང་། འཐབ་ཕྱོགས་གཡུལ་ས་བཅས་སུ་དྲིལ་སྒྲོག་བྱས་ཏེ། ཏང་ཁག་མི་འདྲ་བ་དང་རིམ་པ་མི་འདྲ་བ། དད་མོས་མི་འདྲ་བའི་མི་རིགས་སོ་སོའི་མང་ཚོགས་ཀྱིས་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱེད་དུ་འཇུག་དགོས། རྒྱུན་མཐུད་སྒོས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་དེ་རྨང་གཞི་རང་བཞིན་གྱི་ལས་དོན་དུ་བརྩིས་ནས་དམ་འཛིན་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྲོག་ཤིང་དང་ནང་དོན་ཁོང་དུ་ཆུད་པར་བྱེད་དགོས་ལ། ཁས་ལེན་ལྔ་དང་ལྷག་པར་དུ་ཀྲུང་ཧྭའི་རིག་གནས་ཁས་ལེན་ཚད་ཇེ་མཐོར་གཏོང་བ་དང་། འཕེལ་རྒྱས་ལ་བརྟེན་ནས་མི་རིགས་ས་ཁུལ་གྱི་གནད་དོན་ཡོད་ཚད་ཐག་གཅོད་པའི་བྱེད་ཐབས་གཙོ་བོ་བཀོལ་སྤྱོད་བཟང་བོ་བྱེད་དགོས་པར་མ་ཟད། མི་རིགས་ས་ཁུལ་གྱི་སློབ་གསོ་འཕེལ་རྒྱས་ལ་ཧ་ཅང་མཐོང་ཆེན་བྱེད་པ་དང་། མི་རིགས་སོ་སོ་མཉམ་དུ་ཕྱུག་སྒྱུར་དང་མཉམ་དུ་དེང་རབས་ཅན་གྱི་ཕྱོགས་སུ་བསྐྱོད་པའི་རྨང་གཞི་སྲ་བརྟན་དུ་གཏོང་དགོས། དུས་དང་རྣམ་པ་ཀུན་ཏུ་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་སྒྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་ཆོས་ལུགས་བྱ་བའི་གཞི་རྩའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། ཁྲིམས་ལྟར་ཆོས་ལུགས་ལས་དོན་དོ་དམ་ལ་ཤུགས་སྣོན་ཞིང་ཆོས་ལུགས་ཁྱབ་ཁོངས་ཀྱི་གནས་ཚུལ་གསར་པ་དང་གནད་དོན་གསར་པར་ཞིབ་བཤེར་དང་ཞིབ་འཇུག་ཟབ་མོ་བྱེད་པ་དང་། ཆོས་ལུགས་བྱ་བའི་ཉམས་མྱོང་བཟང་བོ་དང་སྒྲུབ་སྟངས་བཟང་བོ་བཀོལ་སྤྱོད་གང་ལེགས་བྱས་ནས། ཆོས་ལུགས་ལས་རིགས་ཀྱི་རྒྱལ་གཅེས་དང་གཅིག་གྱུར་འཐབ་ཕྱོགས་རྒྱུན་མི་ཆད་པར་རྒྱ་བསྐྱེད་དགོས། འཐབ་ཕྱོགས་གཅིག་གྱུར་ཀྱི་ཆགས་སྟངས་ཆེན་པོར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་འདེགས་བྱེད་པ་དང་། འཐབ་ཕྱོགས་གཅིག་གྱུར་ཁྱབ་ཁོངས་ཀྱི་འཇོན་མི་ལྷན་འཛོམས་དང་རིག་སྟོབས་གཅིག་སྡུད། ཐོན་ཁུངས་ཕུན་སུམ་ཚོགས་པ། འབྲེལ་འདྲིས་མང་བ་སོགས་ཀྱི་ཁྱད་སྟོབས་འདོན་སྤེལ་བཟང་བོ་བྱེད་དགོས་ལ། སྟོབས་ཤུགས་ཡོད་རྒུ་བཏོན་ནས་ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་ཁེ་ལས་ལ་དྲོད་ཁོལ་སྐྱེལ་བའི་དཔྱིད་རླུང་འགུལ་སྐྱོད་དངོས་འབེབས་བཟང་བོ་བྱེད་པ་དང་། འབྲེལ་འདྲིས་ཐབས་ལམ་གེགས་མེད་དུ་བྱེད་པ། ཏང་ཕྱིའི་ཤེས་ཡོན་ཅན་དང་སྤྱི་ཚོགས་ཀྱི་རིམ་པ་གསར་པའི་མི་སྣར་སྣེ་ཁྲིད་དེ་མཚོ་སྔོན་གསར་པའི་འཛུགས་སྐྲུན་ཁྲོད་ཞུགས་དགོས། ཏང་གིས་འཐབ་ཕྱོགས་གཅིག་གྱུར་བྱ་བར་ཕྱོགས་ཡོངས་ནས་མགོ་ཁྲིད་པར་ཤུགས་སྣོན་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་སྲོལ་ཡིག་དངོས་འབེབས་བཟང་བོ་བྱས་ཏེ། ཏང་གི་མགོ་ཁྲིད་དེ་འཐབ་ཕྱོགས་གཅིག་གྱུར་བྱ་བའི་ཁྱབ་ཁོངས་སོ་སོ་དང་བརྒྱུད་རིམ་ཧྲིལ་བོར་འདྲེས་པར་བྱེད་དགོས། འཐབ་ཕྱོགས་གཅིག་གྱུར་གྱི་ལས་བྱེད་པས་ཏང་གཤིས་བློ་སྦྱོང་དང་ལག་ལེན་ནུས་པ་མཐོར་འདེགས་སུ་གཏོང་བ་གཙོར་འཛིན་པ་དང་། སྤོབས་པ་ཆེན་པོས་འཐབ་རྩོད་བྱེད་པ་དང་། འཐབ་རྩོད་བྱེད་མཁས་པ་དེ་འཐབ་ཕྱོགས་གཅིག་གྱུར་བྱ་བ་བཟང་བོར་སྒྲུབ་པའི་གཞི་རྩའི་བྱེད་ཐབས་སུ་བརྩིས་ཏེ། ཧུར་ཐག་སྒོས་འགྱུར་བ་མེད་པའི་མཐུན་སྒྲིལ་ངོ་མ་ཆགས་པར་བྱེད་དགོས།
པད་ཁོ་ཡིས་བཞུགས་མོལ་ཚོགས་འདུར་མགོ་འཛིན་བྱས་པ་དང་། ཀྲུའུ་ཞང་ཧྥིན་ཚོགས་འདུར་ཞུགས།
བཀྲ་ཤིས་འབུམ་གྱིས་བསྒྱུར།