བོད་ལྗོངས་ཀྱི་བྲན་གཡོག་ས་ཡ་མང་བོ་བཅིངས་འགྲོལ་བྱས་ནས་ལོ་ངོ་རེ་བཞི་འགོར་བར་དགའ་སྟོན་རྟེན་འབྲེལ་ཞུས།
2023.03.29 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 26

ཟླ་གསུམ་པའི་ཚེས་ཉེར་བརྒྱད་ཉིན་ནི་བོད་ལྗོངས་ཀྱི་བྲན་གཡོག་ས་ཡ་མང་བོ་བཅིངས་འགྲོལ་བྱས་ནས་ལོ་ངོ་རེ་བཞི་འགོར་བའི་རྗེས་དྲན་ཉིན་མོ་རེད། བོད་ལྗོངས་ཀྱི་ས་ཁུལ་སོ་སོས་ཕུན་སུམ་ཚོགས་པའི་དགའ་སྟོན་རྟེན་འབྲེལ་བྱ་འགུལ་སྣ་ཚོགས་སྤེལ་ནས། དུས་རབས་གསར་བར་བསྟོད་གླུ་ཕུལ་བ་དང་འཚོ་བ་གསར་བར་སྨོན་འདུན་ཞུས།

ཉིན་དེའི་སྔ་དྲོར། བོད་ལྗོངས་ཀྱི་པོ་ཏ་ལའི་ཐང་ཆེན་ནས་རྒྱལ་དར་སྒྲེངས་པ་དང་རྒྱལ་གླུ་ལེན་པའི་མཛད་སྒོ་སྤེལ་བ་དང་། རིགས་སོ་སོ་དང་ལས་རིགས་སོ་སོའི་འཐུས་མི་སྟོང་གཉིས་ལྷག་མཛད་སྒོར་ཞུགས། ལྷ་སའི་རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་ནས་ཏང་གི་གཟི་འོད་ང་ཡི་སེམས་ལ་འཕྲོས་ཞེས་པའི་རིག་རྩལ་འཁྲབ་སྟོན་བྱས་པ་དང་། སྤྲོ་སྐྱིད་ཀྱི་བོད་ཀྱི་ཟློས་གར་གྱི་ཕ་ཡུལ་ཞེས་པ་དང་བདེ་སྐྱིད་ཀྱི་ལྷ་ས་སོགས་ངོ་མཚར་བའི་འཁྲབ་སྟོན་ལ་ལྟད་མོ་བའི་དགའ་བསུ་ཆེན་པོ་ཐོབ། གཞིས་ཀ་རྩེའི་མི་རིགས་མཐུན་སྒྲིལ་ཐང་ཆེན་ནས། མི་རྣམས་ཀྱིས་དུས་ཆེན་གྱི་བརྒྱན་གོས་གོན་ནས་བྲོ་འཁྲབ་གླུ་ལེན་བྱས་ཏེ། རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་འགུག་ནུས་མངོན་པར་བྱས།

ཉིན་དེར་བོད་ལྗོངས་ཀྱི་ས་ཁུལ་སོ་སོས་ད་རུང་བཞུགས་མོལ་ཚོགས་འདུ་དང་སྒྲོག་བཤད། འགྲེམ་སྟོན་སོགས་བྱ་འགུལ་སྤེལ་ནས། བོད་ལྗོངས་ཀྱི་བྲན་གཡོག་ས་ཡ་མང་བོ་བཅིངས་འགྲོལ་བྱས་ནས་ལོ་ངོ་རེ་བཞི་འགོར་བར་རྗེས་དྲན་བྱས། ལྷོ་ཁའི་ཁེ་གསུམ་སྡེ་ཁུལ་ནས། བོད་ལྗོངས་དམངས་གཙོ་བཅོས་བསྒྱུར་གྱི་གྲོང་ཚོ་དང་པོའི་རྟེན་མཛོད་ཁང་གི་ལེགས་བཅོས་ལས་གཞི་ཡོངས་འགྲུབ་བྱས་ནས་མང་ཚོགས་ལ་སྒོ་འབྱེད་བྱས། དངོས་པོ་དང་རྣམ་སྣང་། འདྲ་འབག སྨྱན་བྱད་སོགས་རྣམ་པ་མང་བོ་བརྒྱུད་དེ། རིགས་སོ་སོའི་མང་ཚོགས་ཀྱིས་བཞུད་ལམ་གསར་བའི་སྟེང་འབད་འཐབ་འབྱེད་པ་དང་དུས་རབས་གསར་བར་བྱས་རྗེས་འཇོག་པའི་བསམ་བློའི་རྣམ་པ་ཕྱོགས་ཡོངས་ནས་མངོན་པར་བྱས་ཡོད།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བོད་ལྗོངས་ཀྱི་སློབ་གསོ་དང་སྨན་བཅོས། སྡོད་ཁང་། སྤྱི་ཚོགས་འགན་སྲུང་སོགས་དམངས་འཚོའི་དངུལ་གཏོང་རྒྱུན་ཆད་མེད་པར་ཇེ་ཆེར་བཏང་སྟེ། མཁར་གྲོང་ལ་རྣམ་པ་གསར་བ་བྱུང་ཡོད། སྔར་ལས་མང་བའི་མང་ཚོགས་མང་བོས་སྐྱེ་ཁམས་དང་གནས་སྐོར་གྱི་ཡོང་འབབ་རེག་བྱུང་བ་དང་། རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱས་ཡོད། ཉིས་སྟོང་ཉེར་གཉིས་ལོར་བོད་ལྗོངས་ཀྱི་མཁར་གྲོང་སྡོད་དམངས་ཆ་སྙོམས་ཀྱི་ཡོང་འབབ་སོ་སོར་བརྒྱ་ཆའི་བཞི་དང་གྲངས་ཆུང་བརྒྱད་དང་བརྒྱ་ཆའི་བདུན་དང་གྲངས་ཆུང་ལྔ་འཕར་ཡོད།

ད་ལོར་བོད་ལྗོངས་ཀྱིས་མཐོ་སྒང་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་བཟོ་སྐྲུན་དང་མཐའ་དར་དམངས་ཕྱུག་གི་འགུལ་སྐྱོད་ལག་བསྟར་བྱས་ཏེ། ནས་དང་ནོར་གནག རྩྭ་སྨན་སོགས་ཁྱད་ལྡན་ཐོན་ཁུངས་གནད་སར་བཟུང་སྟེ། རིག་ནུས་ཞིང་ཕྱུགས་ལས་ཀྱི་ཚོད་ལྟ་བྱེད་ས་སྐོར་ཞིག་སྤེལ་ནས་ཕྱོགས་ཡོངས་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་རྒྱུ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།