རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད་དམ་དབུ་བཞུགས་བློན་ཆེན་མུའུ་ཧན་མའོ་ཏི་དང་ཁ་པར་གྲོས་མོལ་མཛད།
ཞི་ཅིན་ཕིང་གིས་མུའུ་ཧན་མའོ་ཏི་ཡིས་རྒྱལ་བོ་སཱ་ལེ་མན་ལ་སྨོན་འདུན་བཟང་བོ་ཞུས་པ་དང་སྨྱུང་གནས་ཟླ་བའི་འཚམས་འདྲི་བྱེད་རོགས་ཞུས། ཞི་ཅིན་ཕིང་གིས་བསྟན་དོན། མིག་སྔར་ཀྲུང་གོ་དང་སོ་ཏི་ཨ་རབ་ཀྱི་འབྲེལ་བ་དེ་ལོ་རྒྱུས་ཀྱི་ཆེས་བཟང་བའི་དུས་སྐབས་སུ་གནས་པ་དང་། ན་ནིང་ལོ་མཇུག་ཏུ། བདག་གིས་སོ་ཏི་ཨ་རབ་ལ་རྒྱལ་དོན་འཚམས་འདྲི་བྱས་པ་དང་། ང་ཚོས་ལེ་ཡཱ་ཏི་ནས་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་མཐོ་རིམ་གྲོས་ཚོགས་ཐོག་མ་དང་ཀྲུང་གོ་དང་མཚོ་ཁུགས་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་མཐོ་རིམ་གྲོས་ཚོགས་སྤེལ་ནས། དབུས་ཤར་ས་ཁུལ་གྱི་གནས་བབ་ཐད་ཤུགས་རྐྱེན་གལ་ཆེན་ཐེབས་ཡོད། ཀྲུང་གོ་ཕྱོགས་ཀྱིས་སོ་ཏི་ཨ་རབ་དང་མཉམ་དུ་མཐོ་རིམ་གྲོས་ཚོགས་གསུམ་གྱི་གྲུབ་འབྲས་དངོས་འབེབས་གང་ལེགས་བྱེད་པ་དང་། མུ་མཐུད་དུ་ཕན་ཚུན་གྱི་ཁེ་ཕན་གཙོ་བོར་འབྲེལ་བའི་གནད་དོན་ཐད་ནས་ཕན་ཚུན་ལ་རྒྱབ་སྐྱོར་གང་ལེགས་བྱེད་པ། དངོས་གཉེར་མཉམ་ལས་དང་མི་གཞུང་བརྗེ་རེས་རྒྱ་བསྐྱེད་པ། ཀྲུང་གོ་དང་སོ་ཏི་ཨ་རབ་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་སྔར་ལས་འཕེལ་རྒྱས་ཆེན་པོ་འབྱུང་བར་སྐུལ་འདེད་གཏོང་བ། ཤུགས་ཆེན་པོས་དུས་རབས་གསར་བའི་ཀྲུང་གོ་དང་ཨ་རབ་ཀྱི་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱས་ཏེ། དབུས་ཤར་ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས། འཕེལ་རྒྱས་བཅས་ཀྱི་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་པའི་སྐུལ་མ་བཏང་།
ཞི་ཅིན་ཕིང་གིས་བསྟན་དོན། ཉེ་སྔོན་ཀྲུང་གོ་དང་སོ་ཏི་ཨ་རབ། དབྱི་ལིང་བཅས་ཀྱིས་མཉམ་དུ་འབད་བརྩོན་བྱས་འོག སོ་ཏི་ཨ་རབ་དང་དབྱི་ལིང་གི་པེ་ཅིང་གྲོས་མོལ་བདེ་བླག་ངང་སྤེལ་ནས་གྲུབ་འབྲས་ཆེན་པོ་བླངས་ཡོད་ལ། སོ་ཏི་ཨ་རབ་དང་དབྱི་ལིང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ལེགས་བཅོས་བྱེད་པར་ཕན་པ་དང་། ས་ཁུལ་གྱི་རྒྱལ་ཁབ་བར་གྱི་མཐུན་སྒྲིལ་མཉམ་ལས་དང་ས་ཁུལ་གྱི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བར་དཔེ་སྟོན་གྱི་ནུས་པ་ཆེན་པོ་ལྡན་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ཏུ་གཟེངས་བསྟོད་བྱེད་བཞིན་ཡོད། ཉེ་བའི་དུས་སྐབས་ནང་ས་ཁུལ་གྱི་རྒྱལ་ཁབ་བར་གྱི་འབྲེལ་བ་བཟང་བོར་མངོན་གསལ་གྱིས་ཤུགས་སྣོན་ཐོབ་ཡོད་པ་དང་། གྲོས་མོལ་ལ་བརྟེན་ནས་འགལ་བ་ཐག་གཅོད་བྱེད་པར་དམངས་སེམས་ལ་བསྟུན་པ་དང་། དུས་རབས་ཀྱི་རླབས་རྒྱུན་དང་རྒྱལ་ཁབ་སོ་སོའི་ཁེ་ཕན་ལ་འཚམ་པར་བྱེ་པ་གསལ་བོར་མཚོན་ཡོད། སོ་ཏི་ཨ་རབ་དང་དབྱི་ལིང་ཕྱོགས་གཉིས་ཀྱིས་ཁྱིམ་མཚེས་མཛའ་མཐུན་གྱི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ཏེ། པེ་ཅིང་གྲོས་མོལ་གྱི་གྲུབ་འབྲས་སྟེང་དུ་རྒྱུན་ཆད་མད་པར་འབྲེལ་བ་ལེགས་བཅོས་བྱེད་དགོས་པའི་རེ་བ་བཏོན། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་སོ་ཏི་ཨ་རབ་དང་དབྱི་ལིང་གི་གྲོས་མོལ་གྱི་རྗེས་མཐུད་ལས་རིམ་ལ་རྒྱབ་སྐྱོར་བྱེད་འདོད་ཡོད།
མུའུ་ཧན་མའོ་ཏི་ཡིས་རྒྱལ་བོ་སཱ་ལེ་མན་གྱིས་ཞི་ཅིན་ཕིང་ལ་འཚམས་འདྲི་བྱེད་པ་བརྒྱུད་སྒྲོག་པ་དང་། ཞི་ཅིན་ཕིང་བསྟུད་མར་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་པའི་ཐད་ནས་ཡང་བསྐྱར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས། མུའུ་ཧན་མའོ་ཏི་ཡིས་བསྟན་དོན། སོ་ཏི་ཨ་རབ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་ཤུགས་ཆེན་པོས་སོ་ཏི་ཨ་རབ་དང་དབྱི་ལིང་གི་འབྲེལ་བ་ལེགས་བཅོས་བྱེད་པར་རྒྱབ་སྐྱོར་བྱས་པར་སྙིང་ཐག་པ་ནས་བཀའ་དྲིན་ཞུ་བཞིན་ཡོད་པ་དང་། དེ་ལས་ཀྲུང་གོའི་འགན་ཁུར་བའི་རྒྱལ་ཁབ་ཆེན་མོའི་ནུས་པ་མངོན་པར་མཚོན་ཡོད་ཟེར། ཀྲུང་གོས་ས་ཁུལ་དང་རྒྱལ་སྤྱིའི་ལས་དོན་ཁྲོད་ཉིན་རེ་བཞིན་དུ་འཛུགས་སྐྲུན་རང་བཞིན་ལྡན་པའི་ནུས་པ་འདོན་བཞིན་ཡོད་ལ། སོ་ཏི་ཨ་རབ་ཕྱོགས་ཀྱིས་དེར་གཟེངས་བསྟོད་ཆེན་པོ་བྱེད་བཞིན་ཡོད། ཀྲུང་གོ་ནི་སོ་ཏི་ཨ་རབ་ཀྱི་མཉམ་ལས་གྲོགས་པོ་གལ་ཆེན་ཡིན། སོ་ཏི་ཨ་རབ་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་མཐོང་ཆེན་བྱེད་པ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་མདུན་ལྗོངས་གསར་འབྱེད་བྱེད་འདོད་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།