ཟླ་གསུམ་པའི་ཚེས་ཉེར་བརྒྱད་ཉིན་གྱི་སྔ་དྲོར། ཞིང་ཆེན་ཡོངས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་གཟེངས་བསྟོད་ཚོགས་ཆེན་ཟི་ལིང་ནས་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་གཏམ་བཤད་སྐབས་བསྟན་དོན། དར་ཆ་མཐོན་པོར་སྒྲེང་ཞིང་དམངས་སེམས་གཅིག་སྡུད་བྱེད་པ་དང་། མི་གསར་གསོ་སྐྱོང་བྱེད་པ། རིག་གནས་དར་སྤེལ་བྱེད་པ། སྣང་བརྙན་མངོན་པར་བྱེད་པའི་འགན་འཁྲི་དང་ལས་འགན་ལ་དམིགས་པ་དང་། དངོས་བོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་མཐུན་སྦྱོར་བྱེད་པའི་གཞི་རྩའི་རེ་བ་གཅིག་སྡུད་བྱས་ཏེ། རིན་ཐང་སྣེ་ཁྲིད་དང་དུས་རབས་དར་སྲོལ་གྱིས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་གསོན་ཤུགས་སྣོན་དགོས།ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞོ་ཅུན་གྱིས་ཚོགས་ཆེན་ལ་མགོ་འཛིན་བྱས།
ཁྲིན་ཀང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་ཀྱི་ཚབ་བྱས་ཏེ་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་ལ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་ཤིང་། བསམ་པའི་དཔལ་ཡོན་འཐབ་ཕྱོགས་སུ་དཀའ་སྤྱད་སྒོས་བྱ་བ་སྒྲུབ་བཞིན་པའི་བློ་མཐུན་རྣམས་ལ་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་ཞུས་པ་དང་། དུས་ཡུན་རིང་བོར་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱ་བར་སེམས་ཁུར་དང་རྒྱབ་སྐྱོར་བྱས་པའི་ལས་རིགས་སོ་སོའི་མི་སྣ་དང་རྒྱ་ཆེའི་མང་ཚོགས་ལ་བཀའ་དྲིན་ཆེ་ཞུས། ཁོས་བསྟན་དོན། ཉིས་སྟོང་བཅུ་དགུ་ལོའི་ཚུན་ལ། ཞིང་ཆེན་ཡོངས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་འཐབ་ཕྱོགས་ཀྱིས་དར་ཆ་མཐོན་པོར་སྒྲེང་ཞིང་ཁྱོན་ཡོངས་ལ་དམིགས་པ་དང་། མི་དམངས་ལ་ཞབས་འདེགས་ཞུ་བ། བྱ་སྤྱོད་ཁག་ཁུར་བྱས་ཏེ། དག་སྲུང་གསར་སྐྲུན་ཁྲོད་དུ་རྒྱ་བསྐྱེད་གཏིང་ཟབ་ཏུ་སྤེལ་ཞིང་བབ་བསྟུན་མདུན་སྐྱོད་ཁྲོད་དུ་རྨང་གཞི་ཇེ་བརྟན་དང་རྩ་བ་རྒྱས་པར་བྱས་པ་དང་། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་པ་སྔར་ལས་མི་སེམས་ལ་ཟུག་པར་བྱས་པ་དང་། རིན་ཐང་སྣེ་ཁྲིད་ཐད་ནས་སྔར་ལས་ནུས་པ་དང་ཕན་འབྲས་ཐོབ་པར་བྱས་པ། དཔལ་ཡོན་གསར་སྐྲུན་བྱ་བ་སྔར་ལས་གཏིང་ཟབ་ཏུ་སྤེལ་བ། དཔལ་ཡོན་ལག་ལེན་ཐད་ནས་སྔར་ལས་ཕན་ནུས་ཐོན་པར་བྱས་པ། བསམ་པའི་རིག་གནས་སྔར་ལས་ཕུན་སུམ་ཚོགས་པར་འགྲོ་བར་སྐུལ་འདེད་བཏང་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བར་བྱས་རྗེས་ཆེན་པོ་བཞག
ཁྲིན་ཀང་གིས་བསྟན་དོན། དཔལ་ཡོན་གྱི་འདུ་ཤེས་ནི་གཟུགས་མེད་ཀྱི་རྒྱུ་ནོར་ཡིན་པ་དང་། ཐོན་སྐྱེད་ནུས་ཤུགས་ནི་འཕེལ་རྒྱས་གཏོང་བའི་དགོས་ངེས་ཀྱི་རྒྱུ་རྐྱེན་ཡིན། ད་ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་བའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་དངོས་འབེབས་བྱེད་མགོ་བརྩམས་པའི་ལོ་ཡིན་པ་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་སྐབས་བསམ་པའི་དཔལ་ཡོན་གྱི་ནུས་པ་སྔར་ལས་གལ་ཆེ། བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་ཆབ་སྲིད་རང་རྟོགས་སྔར་ལས་ཇེ་དྲག་ཏུ་བཏང་སྟེ། བློ་བརྟན་འགྱུར་མེད་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྤྱི་ཚོགས་རིང་ལུགས་བསམ་པའི་དཔལ་ཡོན་འཛུགས་སྐྲུན་སྐོར་གྱི་རྣམ་བཤད་གལ་ཆེན་ཁྲོད་དུ་གཞི་རྩའི་བསྲུང་བྱ་ཁོང་དུ་ཆུད་པར་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལོ་རྒྱུས་སྐྱོད་ལམ་ཁྲོད་དུ་འབད་འཐབ་སྟོབས་ཤུགས་ཇེ་ཆེར་གཏོང་བ། དེང་རབས་ཅན་གྱི་མཚོ་སྔོན་གསར་བའི་གསོན་ཉམས་ལྡན་པའི་ལག་ལེན་ཁྲོད་དུ་བློ་སྤོབས་བསྐྱེད་ཅིང་གཤིས་སྤྱོད་ཇེ་བཟང་དུ་གཏོང་བར་མ་ཟད། སྔར་ལས་རང་རྟོགས་དང་རྦད་ཆོད་སྒོས་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་ཞིང་རང་འགུལ་སྒོས་ཞིང་ཆེན་ཡོངས་ཀྱི་བྱ་བའི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་པ་དང་། སྟོབས་ཤུགས་ཡོད་རྒུ་བཏོན་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་གཏན་ལ་ཕབ་པའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ལག་བསྟར་བྱས་ནས་ཕན་འབྲས་ཐོབ་པར་བྱེད་དགོས། ཏན་ཏིག་སྒོས་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་བྱ་བ་གཙོ་བོར་སྐུལ་འདེད་བཏང་སྟེ། ཏང་གི་གསར་སྐྲུན་རིགས་གཞུང་ལ་བརྟེན་ནས་སེམས་ཤུགས་གཅིག་སྒྲིལ་དང་བླ་སྲོག་མཉམ་གཏོད་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་སྲོག་ཤིང་རིན་ཐང་ལྟ་བར་བརྟེན་ནས་སེམས་ཤུགས་གཅིག་སྒྲིལ་བྱེད་པ། དུས་རབས་ཀྱི་དར་སྲོལ་བཟང་བོར་བརྟེན་ནས་གོམས་སྲོལ་ལེགས་པོ་ཆགས་པར་བྱེད་པ། ཕུན་སུམ་ཚོགས་པའི་བསམ་པའི་རིག་གནས་ལ་བརྟེན་ནས་དམངས་ལ་ཁེ་ཕན་སྐྲུན་པ་དང་མི་གསར་གསོ་སྐྱོང་བྱེད་པ། མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་སྤེལ་བར་བརྟེན་ནས་གཞི་རྩ་སྲ་བརྟན་དུ་གཏོང་བ་དང་གསོ་སྐྱོང་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ནས། སྤྱི་ཚོགས་ཡོངས་སུ་དུས་རབས་གསར་བའི་བསམ་པའི་དཔལ་ཡོན་གྱི་དར་ཆ་མཐོན་པོར་སྒྲེང་བར་བྱེད་དགོས། ཏང་གིས་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་མགོ་ཁྲིད་པར་ཕྱོགས་ཡོངས་ནས་ཤུགས་བསྣན་ཏེ། གཙོ་གཞིའི་འགན་འཁྲི་དང་ལེན་བྱེད་པ་དང་སྟོབས་ལྡན་མཉམ་ཤུགས་ཆགས་པར་བྱེད་པ། བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་ལས་འགན་དངོས་འབེབས་བྱ་བ་དམ་འཛིན་བྱེད་པ། བྱེད་ཐབས་དང་སྒྲུབ་སྟངས་གསར་སྐྲུན་བྱེད་པ་དང་ཉམས་མྱོང་གསར་བ་བཀོལ་སྤྱོད་བྱེད་པ། དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་ཞིང་བྱ་བ་སྣ་ཚོགས་སྒྲུབ་མཁས་པར་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་ནས་གྲུབ་འབྲས་གསར་བ་ལེན་དགོས།
ཝུའུ་ཞོ་ཅུན་གྱིས་ཚོགས་ཆེན་ལ་མགོ་འཛིན་བྱེད་སྐབས་བསྟན་དོན། བསམ་པའི་བླ་སྲོག་གཏོད་པའི་ཐད་ནས་ཕན་འབྲས་ཐོབ་པར་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱེད་པ་དེ་ཆབ་སྲིད་ཀྱི་ལས་འགན་དང་པོར་བཞག་སྟེ། སློབ་སྦྱོང་བྱས་ནས་གོ་བ་ཟབ་མོ་ལེན་པའི་ཐད་ལ་ཤུགས་བསྐྱེད་པ་དང་། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་རྣམས་འབད་པས་སྐྱོད་ལམ་གསར་བར་བསྐྱོད་པའི་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱེད་དགོས། བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱ་བ་དངོས་འབེབས་བྱས་ཏེ་ཕན་འབྲས་ཐོབ་པར་བྱས་ནས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་སོ་སོ་དང་བརྒྱུད་རིམ་ཧྲིལ་བོ་དང་འདྲེས་པར་བྱེད་པ་དང་། དུས་རབས་གསར་བའི་རེ་བ་དང་མཐུན་པའི་བསམ་བློའི་འདུ་ཤེས་དང་བསམ་བློའི་རྣམ་པ། དཔལ་ཡོན་དར་སྲོལ། བྱ་སྤྱོད་ཚད་ལྡན་ཆགས་པར་སྐུལ་འདེད་བཏང་ནས། དཔལ་ཡོན་འཆམ་མཐུན་གྱི་སྣང་བརྙན་བཟང་བོ་དེ་མཚོ་སྔོན་གྱི་ས་གཞི་ཆེན་པོ་རུ་མངོན་པར་བྱེད་དགོས། གསར་སྐྲུན་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བའི་ཐད་ནས་ཕན་འབྲས་བཟང་བོ་ཐོབ་པར་བྱས་ཏེ། ནང་དོན་གསར་སྐྲུན་བྱེད་པ་དང་འགུལ་རྣམ་དོ་དམ་ལ་ཤུགས་སྣོན་པ། གསར་སྐྲུན་ཕན་འབྲས་མཐོར་འདེགས་སུ་གཏོང་བའི་ཐད་ལ་ཤུགས་བསྐྱེད་པ་དང་། རྒྱུན་མཐུད་སྒོས་མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་གསར་སྐྲུན་བྱ་འགུལ་གཏིང་ཟབ་ཏུ་སྤེལ་ནས། དཀའ་སྤྱད་འབད་འཐབ་སྒོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཀྱི་མཚོ་སྔོན་གྱི་ལེའུ་འབྲི་བར་བྱས་རྗེས་ཆེན་པོ་འཇོག་དགོས།
ཚོགས་ཆེན་སྟེང་། ཉིས་སྟོང་བཅུ་དགུ་ལོ་ནས་ཉིས་སྟོང་ཉེར་གཅིག་ལོའི་ཞིང་ཆེན་རིམ་པའི་དཔལ་ཡོན་གྲོང་ཁྱེར་ཉེར་དགུ་དང་ཞིང་ཆེན་རིམ་པའི་དཔལ་ཡོན་སྡེ་བ་དང་གྲོང་བརྡལ་སུམ་བརྒྱ་དང་ཉེར་དྲུག ཞིང་ཆེན་རིམ་པའི་དཔལ་ཡོན་ལས་ཁུངས་བརྒྱད་བརྒྱ་དང་རེ་བརྒྱད། ཞིང་ཆེན་རིམ་པའི་དཔལ་ཡོན་ཁྱིམ་ཚང་ཞེ་དྲུག ཞིང་ཆེན་རིམ་པའི་དཔལ་ཡོན་སློབ་གྲྭ་དོན་ལྔ། ཞིང་ཆེན་རིམ་པའི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་སྔོན་ཐོན་བྱ་བ་སྒྲུབ་མཁན་ཉེར་དྲུག་བཅས་ལ་གཟེངས་བསྟོད་བྱས་པ་དང་། ཞིང་ཆེན་རིམ་པའི་དཔལ་ཡོན་གྲོང་ཁྱེར་དང་ཞིང་ཆེན་རིམ་པའི་དཔལ་ཡོན་ལས་ཁུངས། ཞིང་ཆེན་རིམ་པའི་དཔལ་ཡོན་ཁྱིམ་ཚང་བཅས་ཀྱི་འཐུས་མི་ཆང་ཅན་ཧེ་དང་ཆི་ཧོང་ཧྥིང་། ཉི་མ་བཀྲ་ཤིས་བཅས་ཀྱིས་གཏམ་བཤད།
གྲོས་ཚོགས་ཀྱི་སྔོན་ལ། ཁྲིན་ཀང་དང་ཝུའུ་ཞོ་ཅུན་སོགས་མགོ་ཁྲིད་པས་གཟེངས་བསྟོད་ཐོབ་པའི་འཐུས་མི་ལ་ཐུག་འཕྲད་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཝང་ཏ་ནན་གྱིས་གཟེངས་བསྟོད་ཆོད་དོན་སྒྲོག་འདོན་བྱས་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ཀྲུའུ་ཞང་ཧྥིན་དང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལོས་ཀང་། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཁོངས་མི་ཕིན་ཡིའུ་ཏུང་བཅས་གྲོས་ཚོགས་ལ་ཞུགས།
བཀྲ་ཤིས་འབུམ་གྱིས་བསྒྱུར།