ཟླ་གསུམ་པའི་ཚེས་ཉེར་བརྒྱད་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་པེ་ཅིན་དུ་ཆིན་ཧྭ་སློབ་ཆེན་གྱི་དཔལ་འབྱོར་དོ་དམ་སློབ་གླིང་གི་བློ་འདྲི་ཨུ་ཡོན་ལྷན་ཁང་གི་འཐུས་མི་དང་ལྷན་དུ་བཞུགས་མོལ་ལ་ཞུགས།
ཧན་ཀྲིན་གྱིས་བསྟན་དོན། ད་སྐབས་ཀྱི་ཀྲུང་གོར་རྒྱུས་ལོན་བྱེད་དགོས་ལ། ཀྲུང་གུང་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཀྲུང་གོའི་མ་འོངས་པའི་དུས་སྐབས་ཤིག་གི་འཕེལ་རྒྱས་ཐད་བཏོན་པའི་འཐབ་ཇུས་བཀོད་སྒྲིག་ལ་རྒྱུས་ལོན་གཏིང་ཟབ་ལེན་དགོས། ཀྲུང་གོ་གུང་ཁྲན་ཏང་གི་འབད་འཐབ་ཀྱི་དམིགས་འབེན་ནི་ཀྲུང་གོའི་མི་དམངས་དུང་ཕྱུར་བཅུ་བཞི་ལྷག་ལ་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་དུ་འཇུག་རྒྱུ་དེ་ཡིན་ལ། ཀྲུང་གོ་གུང་ཁྲན་ཏང་གི་རྩ་བའི་ལས་འགན་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡིན། ཧན་ཀྲིན་གྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལོ་རྒྱུས་གཏན་ཚིགས་དང་མངོན་གསལ་ལྡན་པའི་ཁྱད་ཆོས་གསལ་བཤད་བྱས་པ་དང་། དེང་རབས་ཅན་མངོན་འགྱུར་བྱེད་པར་བྱེད་ཐབས་དང་ཚད་གཞི་གཅིག་ལས་མེད་པ་མིན་པ་དང་། ངེས་པར་དུ་རང་སྟེང་གི་རྒྱལ་བབ་དང་རྒྱལ་ཁབ་སོ་སོའི་དངོས་ཡོད་གནས་ཚུལ་དང་འཚམ་པར་གཞི་བཅོལ་དགོས། ཀྲུང་གོའི་མི་དམངས་ཚང་མ་མཉམ་དུ་ཕྱུག་འགྱུར་གྱི་ལམ་དུ་ལམ་དུ་བསྐྱོད་པ་རྒྱུན་འཁྱོངས་བྱེད་པ་དང་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ནི་ཀྲུང་གོའི་ལུགས་དེང་རབས་ཅན་མངོན་འགྱུར་བྱེད་པའི་གཞི་རྩའི་བླང་བྱ་ཡིན། ཀྲུང་གོས་མུ་མཐུད་དུ་ཕྱི་ཕྱོགས་སྒོ་འབྱེད་ཀྱི་གཞི་རྩའི་རྒྱལ་ཇུས་རྒྱུན་འཁྱོངས་བྱེད་པ་དང་ཚོང་རར་ཞུགས་པའི་ཚད་གཞི་ཇེ་ཡངས་སུ་གཏོང་བ། ཚོང་གཉེར་ཁོར་ཡུག་ལེགས་བསྒྱུར་བྱེད་པ། རྒྱལ་ཁབ་སོ་སོའི་ཁེ་ལས་དང་མཉམ་དུ་འབད་བརྩོན་བྱས་ནས་གོ་ལ་ཧྲིལ་བོའི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་བརྟན་འཇགས་ཡོང་བར་སྲུང་སྐྱོང་བྱེད་དགོས།
ཧན་ཀྲིན་གྱིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བློ་འདྲི་ཨུ་ཡོན་ལྷན་ཁང་གི་བྱ་བར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། ཨུ་ཡོན་གྱིས་བྱེད་ནུས་འདོན་པ་དང་ཀྲུང་ཕྱིའི་དངོས་གཉེར་མཉམ་ལས་ཇེ་ཐབ་ཏུ་གཏོང་བའི་ཐུགས་རེ་བཏོན། ཨུ་ཡོན་རྣམས་ཀྱིས་ནམ་རྒྱུན་ཀྲུང་གོའི་སློབ་གསོའི་ལས་རིགས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་པ་དང་ང་ཚོས་དེར་བསྔགས་བརྗོད་བྱེད་བཞིན་ཡོད། སློབ་གསོ་ནི་རྒྱལ་ཁབ་འཕེལ་རྒྱས་དང་མི་རིགས་བསྐྱར་དར་གྱི་སྔོན་འགྲོ་ཡིན་ལ། སློབ་གསོར་ཤུགས་རྒྱག་པ་ནི་སྔར་ལས་ལྷག་པའི་མ་འོངས་པའི་ཆེད་དུ་ཡིན། ཀྲུང་གོ་སྲིད་གཞུང་གིས་རིམས་ནད་ཀྱི་བརྡབ་གསིག་དང་དཔལ་འབྱོར་མར་ཆག་པའི་འགྲན་རྩོད་ཁྱད་དུ་བསད་ནས་སློབ་གསོའི་ཐད་ཀྱི་ནོར་སྲིད་གཏོང་འཇོག་མི་འཕྲི་བ་དང་རྒྱབ་སྐྱོབ་བྱེད་ཤུགས་མི་འཕྲི་བ་རྒྱུན་འཁྱོངས་བྱེད་རྒྱུ་ཡིན། ཨུ་ཡོན་རྣམས་མུ་མཐུད་དུ་ཀྲུང་གོའི་འཕེལ་རྒྱས་ཁྲོད་ཞུགས་ནས་ཀྲུང་ཕྱིའི་སློབ་གསོ་དང་ཚན་རྩལ་བརྗེ་རེས་ལ་འབད་བརྩོན་བྱེད་རྒྱུའི་རེ་བ་ཡོད།
བློ་འདྲི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀུ་ཤུ་ཀུང་ཟིའི་ལག་བསྟར་དཔོན་དང་པོ་ཏིས་མུའུ་ཁུའུ་ཁི་སོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་སློབ་གསོ་བརྗེ་རེས་དང་འཇོན་མི་སྐྱེད་བསྲིང་། མཉམ་ལས་བྱེད་པ་སོགས་ཀྱི་གནས་ཚུལ་ངོ་སྤྲོད་བྱས། ཁོང་ཚོས་ཀྲུང་གོ་སྲིད་གཞུང་གིས་སྒོ་འབྱེད་རྒྱ་བསྐྱེད་པ་དང་གཉིས་ཕན་མཉམ་རྒྱལ་ལ་བསྔགས་བརྗོད་ཚད་མཐོན་པོ་བྱས་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ཁྲོད་ཀྱི་གོ་སྐབས་གསར་བར་རེ་བས་ཁེངས་འདུག་ལ། ཀྲུང་གོར་མ་དངུལ་གཏོང་བ་དང་ལྗང་མདོག་དཔལ་འབྱོར། རྒྱུན་མཐུད་འཕེལ་རྒྱས། གསར་གཏོད་ཞིབ་འཇུག་སོགས་ཀྱི་གཏོང་འཇོག་མུ་མཐུད་དུ་རྒྱ་བསྐྱེད་ནས་ཀྲུང་གོ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་རོགས་འདེགས་བྱེད་རྒྱུ་རེད།
མི་ཕམ་མགོན་པོས་བསྒྱུར།