ཁྲིན་ཀང་གིས་མང་ཚོགས་ཚོགས་པའི་བྱ་བར་རྟོག་ཞིབ་བྱས།
2023.03.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 14

ཟླ་གསུམ་པའི་ཚེས་ཉེར་བརྒྱད་ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་མང་ཚོགས་ཚོགས་པའི་བྱ་བར་རྟོག་ཞིབ་དང་བཞུགས་མོལ་གྲོས་ཚོགས་བསྡུས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མང་ཚོགས་ཚོགས་པའི་བྱ་བའི་ཐད་བཏོན་པའི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། དུས་རབས་གསར་བའི་མང་ཚོགས་ཚོགས་པའི་བྱ་བར་འཕྲད་པའི་གནས་ཚུལ་གསར་བ་དང་གནད་དོན་གསར་བ་ཐག་གཅོད་བཟང་པོ་བྱེད་པ། ཆབ་སྲིད་རང་བཞིན་དང་སྔོན་སྐྱོད་རང་བཞིན་མང་ཚོགས་རང་བཞིན་བཅས་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ནས། ཏང་དང་མང་ཚོགས་བར་གྱི་སྒྲོག་ཐག་ལྟ་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པ་ནན་གྱིས་བསྟན།

གུང་གཞོན་ཚོགས་པ་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ལས་ཁུངས་སུ། ཁྲིན་ཀང་གིས་ལས་ཁུངས་ཀྱི་རིག་གནས་ལྡེབས་ངོས་སུ་ནན་ཏན་གྱིས་ལྟ་ཞིབ་བྱས་པ་དང་། ན་གཞོན་དང་བླངས་པའི་མཛུབ་སྟོན་ལྟེ་གནས་དང་རེ་བའི་བཟོ་སྐྲུན་མཛུབ་སྟོན་ཞབས་ཞུ་ལྟེ་གནས་སོགས་སུ་སོང་ནས་བྱ་བའི་འབུར་ཐོན་ཁྱད་ཆོས་ལ་རྒྱུས་ལོན་བྱས་ལ། གཞི་རིམ་དུ་ཁྱབ་པར་བྱེད་པ་དང་ན་གཞོན་གྱི་ཉེ་གམ་དུ་བཅར་བའི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ་ན་གཞོན་གྱི་བསམ་བློའི་འགྱུར་ལྡོག་ཁོང་དུ་ཆུད་པར་བྱེད་པ་དང་། ཏང་གི་སྐད་སྒྲ་ཡོངས་ཁྱབ་དུ་བརྒྱུད་སྒྲོག་བྱས་ཏེ། རྒྱ་ཆེའི་ན་གཞོན་ཚོགས་པ་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་དུ་གནས་དགོས་པ་ནན་གྱིས་བསྟན། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་ཁུངས་སུ། ཁྲིན་ཀང་གིས་ཞིང་ཆེན་བུད་མེད་མཉམ་འབྲེལ་བྱ་བའི་འགྲེམ་ཁང་དུ་ལྟ་ཞིབ་བྱས་པ་དང་། ཞིང་ཆེན་བུད་མེད་དང་བྱིས་པའི་བཅའ་ཁྲིམས་ཞབས་ཞུ་ལྟེ་གནས་དང་། ཁེ་དབང་སྡེ་ཁག་གི་ལས་བྱེད་མི་སྣ་དང་བརྗེ་རེས་ཟབ་མོ་བྱས་ཏེ། རྒྱ་ཆེའི་བུད་མེད་མང་ཚོགས་ཀྱི་མ་ཁྱིམ་ལེགས་པོ་ཞིག་བྱས་ནས། བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོབ་དང་འཕེལ་རྒྱས་ཁྲོད་ཀྱི་གཙོ་གནད་དང་དཀའ་གནད་གནད་དོན་ལ་དོ་སྣང་དང་ཐག་གཅོད་ཡག་པོ་བྱེད་དགོས་པ་ནན་གྱིས་བསྟན།  ཁྲིན་ཀང་ཞིང་ཆེན་སྤྱིའི་བཟོ་ཚོགས་ལས་ཁུངས་སུ་སོང་ནས། མཚོ་སྔོན་ཞིང་ཆེན་གྱི་ལས་བཟོ་བའི་རིག་གནས་ཕོ་བྲང་རྣམ་གྲངས་འཛུགས་སྐྲུན་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་། ལས་ཁུངས་ཀྱི་ལས་བཟོ་བའི་དཔེ་ཁང་དུ་ཞིབ་ལྟ་བྱས་ཤིང་། ཁེ་དབང་འགན་སྲུང་སྡེ་ཁག་དང་དཔལ་འབྱོར་ལག་རྩལ་སྡེ་ཁག་གིས་བྱ་བ་སྤེལ་བའི་གནས་ཚུལ་ཐད་ནས་འདྲི་རྟོགས་ཞིབ་མོ་བྱས་ཏེ། བཟོ་ཚོགས་ཀྱིས་ཁེ་དབང་སྲུང་སྐྱོབ་ཞབས་ཞུའི་གཞི་རྩའི་འགན་འཁྲི་ལག་བསྟར་བྱས་ནས། ངལ་རྩོལ་དཔེ་ལེགས་སྙིང་སྟོབས་དང་ངལ་རྩོལ་པའི་སྙིང་སྟོབས། ལས་བཟོ་བའི་སྙིང་སྟོབས་བཅས་དར་སྤེལ་ཆེན་པོ་བྱས་ཏེ། རྒྱ་ཆེའི་ལས་བཟོ་བར་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་ནུས་པ་ཅི་ཡོད་འདོན་དགོས་པ་ནན་གྱིས་བསྟན།

བཞུགས་མོལ་གྲོས་ཚོགས་སྟེང་། ཁྲིན་ཀང་གིས་ཞིང་ཆེན་སྤྱིའི་བཟོ་ཚོགས་དང་། གུང་གཞོན་ཚོགས་པ་ཞིང་ཆེན་ཨུ་ཡོན་ལྷན་ཁང་། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས། ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས། ཞིང་ཆེན་ཚན་རྩལ་མཐུན་ཚོགས། ཞིང་ཆེན་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས། ཞིང་ཆེན་རྒྱ་ཀྲམ་དམར་པོ་ཚོགས་པ་སོགས་མང་ཚོགས་ཚོགས་པ་རྩ་འཛུགས་ཀྱི་བྱ་བའི་སྙན་ཞུ་ལ་ནན་ཏན་གྱིས་ཉན་རྗེས། ཞིང་ཆེན་ཡོངས་ཀྱི་མང་ཚོགས་ཚོགས་པའི་བྱ་བར་ཁས་ལེན་གང་ལེགས་བྱས་པ་དང་། རིམ་པ་སོ་སོའི་མང་ཚོགས་ཚོགས་པའི་རྩ་འཛུགས་དང་མང་ཚོགས་ཚོགས་པའི་བྱ་བ་སྒྲུབ་མཁན་ལ་གུས་འདུད་ཞུས། ཁོས་ནན་གྱིས་བསྟན་དོན། བསམ་བློ་ཤུགས་དྲག་དང་ཆབ་སྲིད་སྣེ་ཁྲིད་སྟེང་རྒྱུན་མཐུད་ངང་ཤུགས་འདོན་དགོས་ཏེ། ཆབ་སྲིད་རང་བཞིན་ནི་རང་རྒྱལ་གྱི་མང་ཚོགས་ཚོགས་པ་རྩ་འཛུགས་དང་སྤྱིར་བཏང་གི་སྤྱི་ཚོགས་རྩ་འཛུགས་བར་གྱི་གཞི་རྩའི་ཁྱད་པར་ཡིན་པ་ངོས་འཛིན་གསལ་བོ་བྱེད་པ་དང་། མང་ཚོགས་ཚོགས་པའི་བྱ་བ་སྒྲུབ་པ་ཡག་མིན་གྱི་གཞི་རྩའི་ཚད་གཞིའང་ཡིན། ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་མང་ཚོགས་ལ་དྲག་ཆས་སྤྲས་པ་དང་། ཏང་གིས་ཁྲིམས་བསྟར་བྱེད་པའི་མང་ཚོགས་ཀྱི་རྨང་གཞིས་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་ལག་བསྟར་དང་སྲ་བརྟན། རྒྱ་བསྐྱེད་པ་ཡིན། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་སྟེང་ཤུགས་འདོན་དགོས་ཏེ། འཆར་འགོད་བྱེད་མཁས་པ་དང་གནས་ས་ཡང་དག་བཙལ་བ། རང་རང་གི་དགེ་མཚན་འདོན་སྤེལ་བྱེད་པ་དང་། མཐུན་སྒྲིལ་སྐུལ་སློང་བྱེད་པ་བཅས་ཀྱི་སྒོ་ནས་འབྲེལ་ཡོད་མང་ཚོགས་ཧུར་ཐག་གིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་གནས་བཞི་བསྐྲུན་པའི་ཁྲོད་དུ་ཞུགས་པར་བྱེད་པ་དང་། ཕྱོགས་སོ་སོའི་བསམ་ཚུལ་མི་འདྲ་བར་ཉན་པར་དོ་སྣང་བྱས་ཏེ་དམངས་ཀྱི་འདོད་བློར་དུས་ལྟར་ལན་འདེབས་དགོས་ལ། ཉེན་ཁ་སྔོན་འགོག་དང་བདེ་འཇགས་འགན་སྲུང་། གཏན་འཇགས་སྲུང་བ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་བློ་གྲོས་འབུལ་དགོས། མང་ཚོགས་ལ་འབྲེལ་འདྲིས་བྱེད་པའི་སྟེང་རྒྱུན་ཆད་མེད་པར་ཤུགས་བསྣན་ཏེ། རྩ་འཛུགས་སྤེལ་བ་དང་འཐབ་ར་ལས་པ། ཞབས་ཞུ་མ་ལག་འཛུགས་པ་བཅས་བརྒྱུད་དེ། མང་ཚོགས་དང་འབྲེལ་འདྲིས་བྱེད་པའི་ཟམ་པ་ཡག་པོ་བསྐྲུན་ནས། བྱ་བའི་གཙོ་གཞི་གཞི་རིམ་དུ་འཇོག་པ་དང་། ཞིབ་བཤེར་ཞིབ་འཇུག་བྱ་བ་དམ་འཛིན་བྱས་ཏེ། ཡིག་ཚོགས་སྟོང་འདུས་རྒྱབ་ཏུ་བཞག་ནས་ཐོག་ཁང་ཆེན་མོའི་སྒོ་རུ་བུད་དེ། གཞི་རིམ་དང་མང་ཚོགས་ལས་བཟོ་བའི་ཁྲོད་དུ་བསྐྱོད་ནས། ནུས་པ་མཐོར་འདེགས་དང་ཞབས་ཞུ་ཇེ་ལེགས། ཆུ་ཚད་ཇེ་མཐོར་གཏོང་དགོས། བཅོས་སྒྱུར་གཏིང་ཟབ་དང་རང་ངོས་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྟེང་རྒྱུན་ཆད་མེད་པར་ཤུགས་བཏོན་ཏེ། རང་བཞིན་གསུམ་ཇེ་དྲག་དང་ཅན་བཞི་མེད་པར་གཏོང་བའི་བླང་བྱ་གལ་ཆེན་ལ་དམ་པོར་དམིགས་ཏེ། རང་རང་གི་སྒྲིག་ཡིག་བརྩི་སྲུང་བྱས་ཏེ་བྱ་བ་ནན་ཏན་གྱིས་བསྒྲུབས་ནས། མང་ཚོགས་ཚོགས་པའི་རྩ་འཛུགས་འཛུགས་སྐྲུན་བྱ་བ་དེ་སྔར་ལས་སྟོབས་ལྡན་ཤུགས་ཡོད་དུ་གཏོང་དགོས། མང་ཚོགས་ལས་བྱེད་པས་རང་ཉིད་ནི་ཏང་གི་ལས་བྱེད་པ་ཞིག་ཡིན་པ་ཡིད་ལ་དམ་པོར་བཟུང་སྟེ། རང་རྟོགས་ཀྱིས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དམིགས་སུ་འཛིན་པ་དང་། སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མང་ཚོགས་ལ་ཞབས་འདེགས་དང་ཉེན་ཁ་སེལ་བ་དང་སྔོན་འགོག་བྱེད་པའི་འཇོན་ནུས་ཇེ་དྲག་ཏུ་གཏོང་དགོས།

མཱ་ཅི་ཞའོ་ཡིས་བཞུགས་མོལ་གྲོས་ཚོགས་ལ་མགོ་འཛིན་བྱས་པ་དང་། ཀྲུའུ་ཞང་ཧྥིན་དང་ཁོང་ཡུང་གཉིས་གྲོས་ཚོགས་ལ་ཞུགས།

                                                                                                  རིག་འཛིན་སྒྲོལ་མས་བསྒྱུར།