ལིས་ཆང་གིས་ཧའེ་ནན་དུ་རྟོག་ཞིབ་གནང་།
2023.03.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

ཟླ་གསུམ་པའི་ཚེས་ཉེར་དགུ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཧའེ་ནན་དུ་རྟོག་ཞིང་གནང་ནས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། བཅོས་སྒྱུར་སྒོ་འབྱེད་རྒྱུན་འཁྱོངས་བྱེད་རྒྱུ་དང་། སྤུས་ཚད་མཐོ་ལ་ཚད་གཞི་མཐོ་བའི་ཧའེ་ནན་གྱི་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་པ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་བསྟར་བྱེད་པ། སེམས་ནུས་ཡོད་རྒུ་རྩལ་དུ་བཏོན་ནས་རྒན་གསོ་དང་སྨན་བཅོས་སོགས་དམངས་ཚིས་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ཏེ། མི་དམངས་ཀྱི་འཚོ་བའི་སྤུས་ཚད་ཇེ་ལེགས་སུ་གཏོང་དགོས་ཞེས་གསུངས།

ལིས་ཆང་གིས་བསྟན་དོན། ཧའེ་ནན་གྱི་རང་མོས་ཉོ་ཚོང་གྲུ་ཁ་བསྐྲུན་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཇུས་འགོད་གནང་བ་དང་སྐུ་ངོ་མས་བཀོད་སྒྲིག་གནང་བ། སྐུ་ངོ་མས་སྐུལ་འདེད་གནང་བ་བཅས་ཀྱི་བཅོས་སྒྱུར་སྒོ་འབྱེད་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཡིན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་མོ་བྱས་ཏེ། འགན་འཁྲིའི་བསམ་པ་དང་དགོས་གཏུགས་ཀྱི་བསམ་པ་ཆེ་རུ་བཏང་ནས། འཛམ་གླིང་ལ་ཤུགས་རྐྱེན་ཆེ་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་རང་མོས་ཉོ་ཚོང་གྲུ་ཁ་གང་མགྱོགས་ངང་བསྐྲུན་དགོས། ལིས་ཆང་གིས་དོ་དམ་བྱེད་ཐུབ་པ་ཡིན་ན་གཞི་ནས་ལྷོད་ཐུབ་པ་ཡིན། མཉེན་ཆས་དང་མཁྲེགས་ཆས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། གནོན་ཤུགས་ཚད་ལེན་ཚོད་ལྟ་གཏིང་ཟབ་བྱེད་པ། ཤེས་རབ་ལྡན་ལ་ཕན་འབྲས་ཆེ་བ། མཐུན་སྦྱོར་ཡིན་པ་བཅས་ཀྱི་ལྟ་སྐུལ་དོ་དམ་ནུས་པ་གང་མགྱོགས་ཀྱིས་ཆེ་རུ་བཏང་ནས། ཉིས་སྟོང་ཉེར་ལྔ་ལོའི་ལོ་མཇུག་ཏུ་གླིང་ཕྲན་ཧྲིལ་པོའི་སྒོ་རྒྱག་འཁོར་སྐྱོད་ལ་རྨང་གཞི་བརྟན་པོ་ཞིག་འདིང་དགོས།

ལིས་ཆང་གིས་མི་འབོར་ལོ་ལོན་ཅན་དུ་འགྱུར་བཞིན་པའི་གནད་དོན་ལ་ཁ་གཏད་གང་ལེགས་འཇལ་བའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་བྱས་ནས། རྒན་གསོ་ཞབས་ཞུའི་འགན་ལེན་ལ་ཤུགས་སྣོན་དགོས། ཁྱིམ་སྡོད་རྒན་གསོ་ནི་རང་རྒྱལ་གྱི་རྒན་གསོའི་རྣམ་པ་གཙོ་ཆེ་ཤོས་དེ་ཡིན་པས། ལོ་ལོན་རྒན་པའི་རེ་འདོད་ལ་དམ་པོར་དམིགས་ཏེ། སྡེ་ཁུལ་གྱི་རྒན་གསོ་ཞབས་ཞུ་འཚོལ་ཞིབ་ཧུར་ཐག་བྱས་ནས། ལོ་ལོན་རྒན་པའི་བཟས་བཏུང་དང་སྨན་བཅོས་སོགས་ཀྱི་དགོས་མཁོ་ཐག་གཅོད་ཡག་པོ་བྱེད་དགོས། དགེ་མཚན་ལྡན་པའི་ལོ་ལོན་རྒན་པའི་ལྟ་བ་བཙུགས་ནས། རིམ་དབྱེའི་ངང་རྒན་གསོའི་ཞབས་ཞུ་ཡག་པོ་སྒྲུབ་ནས། ལོ་ན་རྒས་ཀྱང་འཚོ་རྟེན་ལ་འགན་ལེན་ཡོད་པ་དང་ཁོ་ཚོའི་བདེ་ཐང་ལ་རྒྱབ་རྟེན་ཡོད་པར་བྱེད་དགོས་ཞེས་ནན་གྱིས་གསུངས། ལིས་ཆང་གིས་ལོ་ལོན་ཚོ་དང་མཉམ་དུ་བྱམས་བརྩེའི་ངང་གླེང་མོལ་བྱས་ནས། ཁོ་ཚོས་བདེ་ཐང་དང་སྤྲོ་སྣང་། ཚེ་རིང་བ་བཅས་ཀྱི་སྒོ་ནས་འཚོ་བ་སྐྱེལ་ཐུབ་པའི་སྨོན་འདུན་ཞུས།

ལིས་ཆང་གིས་ཧའེ་ནན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱིས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། ཧའེ་ནན་གྱིས་སྤྱི་ཁྱབ་ཧྲུའུ་ཞི་ཅིན་ཕིང་གི་ཧའེ་ནན་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། བཅོས་སྒྱུར་སྒོ་འབྱེད་དང་དེང་རབས་ཅན་འཛུགས་སྐྲུན་གྱི་ལེའུ་གསར་པ་རྩོམ་རྒྱུའི་རེ་བ་ཡོད་ཅེས་གསུངས།

ཝུའུ་ཀྲིན་ལུང་གིས་རྟོག་ཞིབ་བྱེད་རོགས་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།