མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་བྱ་བའི་གྲོས་ཚོགས་བསྡུས།
2023.03.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 30

མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་བྱ་བའི་གྲོས་ཚོགས་ཟླ་གསུམ་པའི་ཚེས་ཉེར་དགུ་ཉིན་ཟི་ལིང་དུ་བསྡུས། ཚོགས་ཐོག་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ཟབ་མོ་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བ་བཟང་བོར་སྒྲུབ་པའི་སྐོར་གྱི་དགོངས་པ་གལ་ཆེན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ལ། བྱ་བ་སྤྱི་སྡོམ་དང་གནས་བབ་ལ་དབྱེ་ཞིབ། ལས་འགན་བཀོད་སྒྲིག་བྱས་ནས། ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་བྱ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོར་ཞུགས་པར་མ་ཟད་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པད་ཁོས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྟེང་སྤྱི་སྡོམ་གཏམ་བཤད་བྱས། ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས། ཞིང་ཆེན་གྱི་འགོ་ཁྲིད་ཝང་དབྱང་དང་ཚེ་རིང་ཐར། ཝང་ཏ་ནན། ཀྲུའུ་ཞང་ཧྥིན། དབྱི་ཧྲུའུ་ཆང་། ལིས་ཀང་། ཕིན་ཡིའུ་ཏུང་། ཀྲ་ཆིན་ཅིག་བཅས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོར་ཞུགས།

ཁྲིན་ཀང་གིས་བསྟན་དོན། དུས་རབས་གསར་བའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བ་བཟང་བོར་སྒྲུབ་པའི་བླང་བྱ་གལ་ཆེན་ཁོང་དུ་ཆུད་པར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་བྱ་བའི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་མོ་དང་གོ་བ་ཟབ་མོ་ལེན་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བ་བཟང་བོར་སྒྲུབ་པའི་སྐོར་གྱི་དགོངས་པ་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། དུས་རབས་གསར་བའི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་མདུན་དུ་ལྷགས་པའི་དུས་ཚོད་དང་གནས་བབ། འགན་འཁྲི་དང་ལས་འགན་ལ་རྒྱུས་ལོན་ཡང་དག་བྱེད་པ། ཐུན་མོང་གི་སེམས་འདུན་བརྟན་སྲུང་དང་ཐུན་མོང་གི་ལྟ་བ་རྒྱ་བསྐྱེད་པ་དང་། མི་མངོན་པའི་གྲུབ་འབྲས་དང་བླངས་ཟིན་པའི་གྲུབ་འབྲས། རྩ་དོན་རང་བཞིན་དང་འགྱུར་ལྡོག་རང་བཞིན། མཐུན་སྒྲིལ་དང་འཐབ་རྩོད་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ། ལས་འགན་གཙོ་བོ་མཐའ་གཅིག་ཏུ་དོན་འཁྱོལ་བྱས་ནས། བསམ་བློ་དང་བྱ་སྤྱོད་གཉིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་དགོས།

ཁྲིན་ཀང་གིས་ནན་གྱིས་བསྟན་དོན། གནད་དོན་གྱི་ཁྲིད་ཕྱོགས་དང་དམིགས་འབེན་གྱི་ཁྲིད་ཕྱོགས། མཇུག་འབྲས་ཀྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཧུར་ཐག་གིས་དུས་རབས་གསར་བའི་མཚོ་སྔོན་གྱི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས། རང་རྒྱལ་གྱི་རིགས་གསར་བའི་སྲིད་ཏང་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ཆབ་སྲིད་གྲོས་མོལ་བྱེད་ཐབས་ལ་ཞིབ་འཇུག་བྱེད་པ། སྲིད་ཏང་གྲོས་མོལ་གྱི་ནང་དོན་དང་རྣམ་པ། བརྒྱུད་རིམ། རྐྱེན་སྲོལ་བཅས་འཐུས་ཚང་དུ་བཏང་སྟེ། ཏང་ཕྱིའི་མི་སྣས་གནས་ཚུལ་དང་སྲིད་ཇུས་ལ་རྒྱུས་ལོན་གསལ་བོ་བྱེད་པ་དང་བློ་འདོན་ཇུས་འབུལ་བྱེད་པའི་ཐད་ཀར་གྱི་ལས་སྟེགས་འཛུགས་དགོས། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་དེ་སྤྱི་ཡོངས་ཀྱི་གོ་གནས་སུ་འཇོག་པ། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་སྲིད་ཇུས་བྱེད་ཐབས་ཇེ་བཟང་དུ་བཏང་ནས། འཛུགས་སྐྲུན་བྱ་བ་དེ་གྲངས་ཀའི་ཐད་ནས་སྔོན་དུ་བསྐྱོད་པ་ནས་དཔེ་སྟོན་སྣེ་ཁྲིད་དུ་བསྒྱུར་བ་དང་མཐོར་འདེགས་སུ་གཏོང་བར་སྐུལ་འདེགས་གཏོང་དགོས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཆོས་ལུགས་ལས་རིགས་ཀྱི་བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་དང་དགོན་སྡེ་ལ་ཁྲིམས་ལྟར་བཅོས་སྐྱོང་བྱེད་པ། ཆོས་ལུགས་ལས་རིགས་ཀྱི་མི་སྣའི་དོ་དམ་བཅས་ལ་ཤུགས་བསྣན་ནས། ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་ཀྱི་ཁས་ལེན་ལྔ་ཇེ་མཐོར་གཏོང་དགོས། ཁྱབ་ཁོངས་སོ་སོ་དང་གྲལ་རིམ་སོ་སོའི་འཐབ་ཕྱོགས་གཅིག་གྱུར་གྱི་སྟོབས་ཤུགས་འཕེལ་རྒྱས་སུ་གཏོང་བ་དང་། ཏང་ཕྱིའི་ཤེས་ལྡན་མི་སྣ་དང་སྤྱི་ཚོགས་གྲལ་རིམ་གསར་བའི་མི་སྣ། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣ། ཏང་ཕྱིའི་འཐུས་ཚབ་མི་སྣ། ཞང་ཀང་དང་ཨོ་མིན། ཐའེ་ཝན་དང་ཕྱི་རྒྱལ་གྱི་མི་སྣའི་འཐབ་ཕྱོགས་གཅིག་གྱུར་བྱ་བ་བཟང་བོར་སྒྲུབ་སྟེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་ཆེད་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུ་དགོས། དྲ་རྒྱའི་འཐབ་ཕྱོགས་གཅིག་གྱུར་བྱ་བར་ཤུགས་སྣོན་པ་དང་། དྲ་རྒྱའི་མི་སྣའི་བསམ་བློའི་སྣེ་ཁྲིད་ལ་ཤུགས་བསྣན་ནས། དྲ་ཐོག་གི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་ཁོར་ཡུག་བཟང་བོ་བསྐྲུན་དགོས།

ཁྲིན་ཀང་གིས་ནན་གྱིས་བསྟན་དོན། ཏང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་ཐད་ཀྱི་འགོ་ཁྲིད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པ་དང་། གཙོ་གཞིའི་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ། འཐབ་ཕྱོགས་གཅིག་གྱུར་ཆེན་པོའི་རྣམ་པ་གྲུབ་པར་བྱེད་པ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། རང་ངོས་འཛུགས་སྐྲུན་ལ་ཤུགས་སྣོན་པ། འཐབ་ཕྱོགས་གཅིག་གྱུར་བྱ་བ་དང་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་ཐད་ཀྱི་བཅུ་ཅན་གཅིག་གི་རེ་བ་ཟུང་འབྲེལ་བྱེད་པ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་གཞི་རིམ་ཏང་འཛུགས། སྤྱི་ཚོགས་བཅོས་སྐྱོང་། དམངས་ཚིས་ལེགས་སྒྱུར་སོགས་བྱ་བ་མཉམ་བསྲེས་བྱེད་པ། གཞི་རིམ་གྱི་འཐབ་ཕྱོགས་གཅིག་གྱུར་བྱ་བ་གཏིང་ཟབ་ཏུ་སྤེལ་ནས། ཞིང་ཆེན་གོང་འོག་ཡོངས་ཀྱིས་མཉམ་དུ་འབད་འཐབ་བྱེད་པ་དང་འབྲེལ་ཡོད་ཕྱོགས་ཀྱིས་མཉམ་ལས་མཉམ་འབྲེལ་བྱེད་པའི་བྱ་བའི་རྣམ་པ་གྲུབ་པར་བྱེད་དགོས།

ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱེད་སྐབས་བསྟན་དོན། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་འཐབ་ཕྱོགས་གཅིག་གྱུར་བྱ་བ་བཟང་བོར་སྒྲུབ་པའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། བསམ་བློ་དང་བྱ་སྤྱོད་གཉིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་རེ་བའི་སྟེང་གཅིག་གྱུར་བྱེད་པ། དཀྱིལ་སྙིང་ལ་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་རྒྱུན་འཁྱོངས་བྱེད་པ། ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་ཁྱབ་ཁོངས་སོ་སོའི་བྱ་བ་གཙོ་བོ་བཟང་བོར་སྒྲུབ་པ། འཐབ་ཕྱོགས་གཅིག་གྱུར་ཆེན་པོའི་བྱ་བའི་གྲུབ་ཚུལ་འཐུས་ཚང་དུ་གཏོང་བ། ཚད་ཆེས་ཆེ་བའི་སྒོ་ནས་མི་སེམས་གཅིག་ཏུ་བསྡུ་བ་དང་སྟོབས་ཤུགས་་གཅིག་ཏུ་བསྡུ་བ། ཧུར་ཐག་གིས་ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་རྣམ་པ་གསར་བ་བསྐྲུན་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་བའི་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས།

པད་ཁོས་སྤྱི་སྡོམ་གཏམ་བཤད་ཁྲོད་བསྟན་དོན། གཅིག་གྱུར་གྱི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས། ཆབ་སྲིད་ཁ་ཕྱོགས་ཇེ་བརྟན་དུ་གཏོང་བའི་ཁྲོད་ཡིད་ཆེས་ཇེ་བརྟན་དུ་གཏོང་དགོས། གཅིག་གྱུར་གྱི་འགན་འཁྲི་ཇེ་དྲག་ཏུ་བཏང་སྟེ། ཆབ་སྲིད་ཀྱི་དགེ་མཚན་འདོན་སྤེལ་བྱེད་པའི་ཁྲོད་དཀྱིལ་སྙིང་ལ་ཞབས་འདེགས་ཞུ་དགོས། གཅིག་གྱུར་གྱི་ནུས་པ་མཐོར་འདེགས་སུ་བཏང་སྟེ། གཅིག་གྱུར་ལ་བརྟེན་ནས་མཉམ་ཤུགས་གཅིག་ཏུ་བསྡུ་དགོས། གཅིག་གྱུར་གྱི་མ་ལག་འཐུས་ཚང་དུ་བཏང་ནས། ཏང་གི་འགོ་ཁྲིད་འཐབ་ཕྱོགས་གཅིག་གྱུར་བྱ་བའི་ཁྱབ་ཁོངས་སོ་སོ་དང་གོ་རིམ་ཧྲིལ་བོར་ཁྱབ་པར་བྱས་ནས། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྣ་ཚོགས་ཕན་པ་ལྡན་པའི་སྒོ་ནས་ལག་བསྟར་བྱེད་པར་ཁག་ཐེག་བྱེད་དགོས།

དབྱང་ཀྲི་ཝུན་གྱིས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པར་མགོ་འཛིན་བྱེད་སྐབས་བསྟན་དོན། སྔར་ལས་རང་རྟོགས་ཀྱི་བྱ་སྤྱོད་བརྟན་པོར་བརྟེན་ནས་ལག་བསྟར་དམ་འཛིན་བྱེད་པ་དང་། ཤུགས་ཡོད་ཕན་ལྡན་གྱི་བྱེད་ཐབས་ལ་བརྟེན་ནས་ལས་འགན་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ། ཏན་ཏིག་ནུས་ལྡན་གྱི་སྤྱོད་ཚུལ་ལ་བརྟེན་ནས་བྱ་བ་སྣ་ཚོགས་བརྟན་བརླིང་ངང་སྤེལ་བར་འགན་སྲུང་བྱས་ཏེ། ཧུར་ཐག་གིས་དུས་རབས་གསར་བའི་ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་བྱ་བ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས།

རིན་ཆེན་མཚོས་བསྒྱུར།