ཧན་ཀྲིན་གྱིས་ཀྲུང་གོར་ཀྲུང་གོའི་འཕེལ་རྒྱས་མཐོ་རིམ་གླེང་སྟེགས་ཀྱི་ཉིས་སྟོང་ཉེར་གསུམ་ལོའི་ལོ་ཚོགས་ལ་ཞུགས་པར་ཡོང་བའི་རྒྱལ་ཁོངས་ལས་བརྒལ་བའི་ཀུང་ཟིའི་འགན་འཁུར་བ་ཁག་ཅིག་ལ་མཇལ་འཕྲད་གནང་།
2023.03.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

ཟླ་གསུམ་པའི་ཚེས་ཉེར་བདུན་ཉིན་ནས་ཚེས་ཉེར་དགུ་ཉིན་བར་དུ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་ཀྲུང་གོ་རུ་ཀྲུང་གོའི་འཕེལ་རྒྱས་མཐོ་རིམ་གླེང་སྟེགས་ཀྱི་ཉིས་སྟོང་ཉེར་གསུམ་ལོའི་ལོ་ཚོགས་ལ་ཞུགས་པར་ཡོང་བའི་ཧོས་ཧྥུན་སྡེ་ཚོགས་ཀྱི་སྲིད་འཛིན་སྤྱི་འདོམས་ཆིས་ཡའོ་ཉན་དང་། ཐའེ་ཀུའུ་སྡེ་ཚོགས་ཀྱི་སྲིད་འཛིན་སྤྱི་འདོམས་ཧྲི་མིན་ལོན། ཡ་ཕའེ་ཀུང་ཟིའི་རྐང་གཉེར་དབུ་གཙོ་ལའོ་ཧྥུའུ་ཏི། ཨན་ལེན་སྡེ་ཚོགས་ཀྱི་རྐང་གཉེར་ལྷན་ཚོགས་ཀྱི་ཀྲུའུ་ཞི་པའེ་ཐི། ཧྲི་ནའེ་ཏི་གློག་ཤུགས་ཀུང་ཟིའི་རྐང་གཉེར་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀྲའོ་གོ་ཧྭ་བཅས་ལ་མཇལ་འཕྲད་གནང་།

ཧན་ཀྲིན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་ཀྲུང་གོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལས་འགན་གཙོ་བོ་ཡིན་ལ། ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་རྒྱལ་སྤྱིའི་མཉམ་ལས་དང་ཁ་འབྲལ་ཐབས་རྩ་བ་ནས་མེད་ལ། རྒྱལ་ཁོངས་ལས་བརྒལ་བའི་ཀུང་ཟི་ཚུད་པའི་ཁྲོམ་ར་གཙོ་བོ་གང་མང་དེའི་ནང་ཞུགས་རྒྱུ་དང་ཁ་འབྲལ་ཐབས་རྩ་བ་ནས་མེད། མིག་སྔའི་རྒྱལ་སྤྱིའི་གནས་བབ་རྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་བ་དང་། ཀྲུང་ཕྱིའི་ཁེ་ལས་ལས་རིགས་ཀྱིས་འབྲེལ་གཏུག་མཉམ་ལས་ལ་ཤུགས་སྣོན་རྒྱུ་དེ་ཧ་ཅང་གལ་འགངས་ཆེ། ད་ལོར་ཀྲུང་གོའི་དཔལ་འབྱོར་བརྟན་པོའི་ངང་འཕར་ནས་ཟླ་དང་པོ་ནས་གཉིས་པའི་བར་ཕྱི་རྒྱལ་གྱི་མ་དངུལ་དངོས་སུ་སྤྱོད་ཚད་ཨ་སྒོར་ཐེར་ཆེན་བཞི་ལ་ཉེ་ཞིང་། ད་དུང་མུ་མཐུད་དུ་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད། ཀྲུང་གོའི་དཔལ་འབྱོར་ཡུན་རིང་བཟང་ཕྱོགས་སུ་འཕེལ་བའི་གཞི་རྩའི་གནས་ཚུལ་ལ་འགྱུར་ལྡོག་བྱུང་མེད་ཅིང་། ང་ཚོས་ད་ལོའི་དཔལ་འབྱོར་གྱི་སྔོན་དཔག་འཕར་ཚད་བརྒྱ་ཆའི་ལྔ་མངོན་འགྱུར་ཡོང་བར་ཡིད་ཆེས་ཀྱིས་ཁེངས་ཡོད། རྒྱལ་ཁབ་སོ་སོའི་ཁེ་ལས་ཀྱིས་ཀྲུང་གོའི་བར་གྱི་དངུལ་གཏོང་མཉམ་ལས་ཀྱི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། ཀྲུང་གོའི་ཁྲོམ་ར་དངོས་ནས་རྐང་ཚུགས་པར་བྱས་ཏེ། ཀྲུང་གོའི་འཕེལ་རྒྱས་གསར་པ་ལས་བྱུང་བའི་གོ་སྐབས་གསར་པ་མཉམ་སྤྱོད་བྱེད་རྒྱུའི་རེ་བ་ཡོད་ཅེས་གསུངས།

སྐུ་ཞབས་ཆིས་ཡའོ་ཉན་སོགས་ཀྱིས་ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད། ཉེ་བའི་ལོ་འདི་དག་གི་རིང་ལ། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ནི་ཐོག་མཐའ་བར་གསུམ་དུ་འཛམ་གླིང་དཔལ་འབྱོར་ཇེ་བརྟན་དུ་གཏོང་བའི་མཐུན་རྐྱེན་གལ་ཆེན་ཞིག་ཏུ་གྱུར་ཡོད། རྒྱལ་ཁོངས་ལས་བརྒལ་བའི་ཀུང་ཟི་མང་པོ་ཞིག་ལ་ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་ཁྲོད་ནས་ཁེ་ཕན་ཐོབ་ཡོད་ལ། དེ་ལ་བརྟེན་ནས་གྲུབ་འབྲས་ཐོབ་པའི་ངང་འཕེལ་རྒྱས་ཀྱང་བྱུང་ཡོད། ཀྲུང་གོ་སྲིད་གཞུང་གིས་དུས་ཡུན་རིང་པོར་སྒྲིག་སྲོལ་དང་ལམ་སྲོལ་བཅོས་སྒྱུར་ལ་སྐུལ་འདེད་བཏང་བ་དང་། ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་རྒྱུར་མཐོང་ཆེན་བྱས་པ། ཕྱི་རྒྱལ་གྱི་ཚོང་པའི་དངུལ་གཏོང་ཁེ་དབང་ལ་སྲུང་སྐྱོབ་བྱས་པར་ཐུགས་རྗེ་ཆེ་ཞུས་པ་ཡིན། ཀྲུང་གོའི་དཔལ་འབྱོར་འཕར་བའི་སྦས་ཤུགས་དང་གསར་གཏོད་འཕེལ་ཤུགས། དངུལ་གཏོང་གོ་སྐབས་བཅས་ལ་ལྟ་སྟངས་ཡག་པོ་བཟུང་ནས། ཀྲུང་གོར་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས། གཉིས་ཕན་གཉིས་རྒྱལ་མངོན་འགྱུར་ཡོང་བར་འབད་རྒྱུ་ཡིན་ཞེས་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།