ཟླ་གསུམ་པའི་ཚེས་ཉེར་དགུ་ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གཉིས་ཀྱིས་ཟི་ལིང་ནས་ནུབ་རྒྱུད་གནམ་གྲུ་ཐང་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་རྐང་གཉེར་དབུ་གཙོ་ཁྲིན་པའོ་སོགས་དང་བཞུགས་མོལ་བྱས།
ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཁྲིན་པའོ་སོགས་ཟི་ལིང་དུ་ཡོང་བར་དགའ་བསུ་ཞུས་པ་དང་། ནུབ་རྒྱུད་གནམ་གྲུ་ཐང་སྡེ་ཚོགས་ཀྱིས་དུས་ཡུན་རིང་བོར་མཚོ་སྔོན་ལ་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས། ཁོ་ཚོས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་གནས་ཚུལ་དངོས་ཀྱི་གནས་ཐིག་གཏན་ཁེལ་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་གོ་གནས་གཏན་ཁེལ་བྱས་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་སོང་བར་བསྟུན་ནས། མཚོ་སྔོན་དང་རྒྱལ་ནང་རྒྱལ་སྤྱིའི་བར་གྱི་བརྗེ་རེས་འགྲོ་འོང་ཉིན་རེ་བཞིན་ཇེ་མང་དུ་སོང་བ་དང་། ལྷག་པར་དུ་མཚོ་སྔོན་ཀུན་གྱིས་རེ་སྨོན་བྱེད་སའི་གནས་སྐོར་དམིགས་འབེན་ས་ཆ་ཞིག་ཡིན་པའི་ཆ་ནས། མཁའ་འགྲུལ་གྱི་སྐྱེལ་འདྲེན་ནུས་ཤུགས་ཇེ་ཆེར་གཏོང་བའི་དགོས་མཁོ་སྔར་ལས་ཇེ་ཆེར་སོང་ཡོད། ཕྱོགས་གཉིས་ཀྱིས་མཉམ་ལས་སྔར་ལས་ཇེ་ཟབ་ཏུ་གཏོང་བ་དང་གཉིས་ཕན་མཉམ་རྒྱལ་ཡོང་བར་བྱས་ཏེ། གནམ་གྲུ་ཐང་གི་གྲུབ་ཚུལ་འཛུགས་སྐྲུན་སྟེང་སྔར་ལས་ཤུགས་སྣོན་པ་དང་། གུང་ཧོ་དང་རྨ་ལྷོ། ནང་ཆེན་སོགས་ལམ་ཐིག་ཕལ་བའི་གནམ་གྲུ་ཐང་གི་བྱ་བ་སྣ་ཚོགས་མྱུར་དུ་སྤེལ་བ། གནམ་གྲུ་གཏོང་ཐེངས་ཇེ་མང་དུ་བཏང་སྟེ། མཉམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་བཀོད་པའི་འཆར་གཞི་དེ་མཛེས་སྡུག་གི་མངོན་སུམ་དུ་འགྱུར་བར་བྱེད་དགོས།
ཁྲིན་པའོ་ཡིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དུས་ཡུན་རིང་བོར་ནུབ་རྒྱུད་གནམ་གྲུ་ཐང་སྡེ་ཚོགས་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས་པར་མ་ཟད། ཀུང་ཟིའི་ཐོན་སྐྱེད་ཚོང་གཉེར་གནས་ཚུལ་ངོ་སྤྲོད་བྱས། ཁོས་བཤད་རྒྱུར། དམངས་སྤྱོད་མཁའ་འགྲུལ་ནི་ས་གནས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་ཆར་བརྟག་ཡོ་བྱད་ལྟ་བུ་ཡིན་པ་དང་། ད་ལོར་ཟི་ལིང་ཚའོ་ཅ་པུའུ་རྒྱལ་སྤྱིའི་གནམ་གྲུ་ཐང་གི་གནམ་གྲུ་གཏོང་ཐེངས་དང་གནས་སྐོར་གཏོང་ལེན་བྱེད་ཚད། ཚོང་ཟོག་སྐྱེལ་འདྲེན་བྱེད་ཚད་མྱུར་དུ་སླར་གསོ་བྱུང་བ་དང་། མཁའ་འགྲུལ་ཚོང་ར་འཕེལ་རྒྱས་སུ་གཏོང་བའི་སྦས་ཤུགས་ཧ་ཅང་ཆེ་བས། མཚོ་སྔོན་གྱི་མ་འོངས་པའི་འཕེལ་རྒྱས་ཐད་ནས་ང་ཚོར་ཡིད་ཆེས་ཆེན་པོ་ཡོད། ནུབ་རྒྱུད་གནམ་གྲུ་ཐང་སྡེ་ཚོགས་ཀྱིས་ཐོན་སྐྱེད་འཁོར་རྒྱུག་དང་གནམ་གྲུ་ཐང་འཛུགས་སྐྲུན། མཁའ་ལམ་གསར་འབྱེད། བདེ་འཇགས་ཞབས་ཞུ་དང་དོ་དམ་གྱི་ཆུ་ཚད་མཐོར་འདེགས་སུ་གཏོང་བ་སོགས་ཀྱི་ཕྱོགས་ལ་ཤུགས་ཆེན་པོ་འདོན་པ་དང་། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་དགོས་མཁོ་རྒྱུན་མ་ཆད་པར་སྐོང་ཐབས་བྱས་ཏེ། གནམ་གྲུ་ཐང་རབ་མཛེས་མཚོ་སྔོན་གྱི་སྣང་བརྙན་འགྲེམ་སྟོན་བྱེད་པའི་སྒེའུ་ཁུང་དུ་འགྱུར་བར་བྱེད་རྒྱུ་ཡིན།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ཀྲུའུ་ཞང་ཧྥིན་བཞུགས་མོལ་ལ་ཞུགས།
རིན་ཆེན་མཚོས་བསྒྱུར།