ཟླ་གསུམ་པའི་ཚེས་སུམ་ཅུ་ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུའི་རིགས་གཞུང་སློབ་སྦྱོང་ལྟེ་གནས་ཚན་ཁག་གིས་སློབ་སྦྱོང་ཚོགས་འདུ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ལ་གསར་དུ་ཞུགས་པའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན། ཞིང་ཆེན་དང་པུའུ་རིམ་པའི་མགོ་ཁྲིད་ལས་བྱེད་པ་གཙོ་བོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བགློ་གླེང་འཛིན་གྲྭ་ཚོགས་མགོ་བརྩམས་པའི་མཛད་སྒོའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་སློབ་སྦྱོང་ཚོགས་འདུར་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད། ཁོས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱས་ཏེ་གོ་བ་ཟབ་མོ་ལེན་དགོས་པ་དང་། བློ་རྩ་བརྟན་པོས་གཏན་ཕབ་གཉིས་ལ་གོང་བཀུར་བྱེད་པ། བློ་ཐག་རྦད་ཆོད་སྒོས་སྲུང་སྐྱོང་གཉིས་ལེགས་པོར་སྒྲུབ་དགོས་ལ། མཐུན་སྒྲིལ་འབད་འཐབ་དང་དངོས་སྒྲུབ་དམ་འཛིན་བྱེད་པ་དང་། དཀའ་སྤྱད་འབད་འཐབ་སྒོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་མཚོ་སྔོན་དུ་ལག་ལེན་བྱེད་པར་སྐུལ་འདེད་གཏོང་དགོས།
ཚོགས་ཐོག་ནས་ཝུའུ་ཞའོ་ཅུན་དང་ཝང་དབྱང་། ཀྲའོ་ཡུའེ་ཞ། ཚེ་རིང་ཐར། ཝང་ཏ་ནན། པད་ཁོ། ཀྲུའུ་ཞང་ཧྥིན། དབྱི་ཧྲུའུ་ཆང་བཅས་ཀྱིས་བརྗེ་རེས་གཏམ་བཤད་སྤེལ་བ་དང་། ལྟེ་གནས་ཚན་ཁག་གི་ཁོངས་མི་གཞན་དག་གིས་ཡིག་ཐོག་ནས་བརྗེ་རེས་བྱས།
ཁྲིན་ཀང་གིས་གཏམ་བཤད་སྐབས་བསྟན་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་ནི། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་གཏན་ལ་ཕབ་པའི་ཀྲུང་གོ་གུང་ཁྲན་ཏང་གི་དཀྱིལ་སྙིང་ལས་འགན་ཡིན། མགོ་བརྩམས་ལོ་ཡི་བསླབ་ཚན་དང་པོ་ཡིན་པའི་ཆ་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་བསྒྱུར་བའི་རིགས་གཞུང་གལ་ཆེན་དང་ལག་ལེན་གནད་དོན་རབ་དང་རིམ་པར་རྒྱས་བཤད་བྱས་ཏེ། ང་ཚོས་སྐྱོད་ལམ་གསར་པའི་སྟེང་དུ་ལས་དོན་འཕེལ་རྒྱས་ཐད་ནས་རྣམ་པ་གསར་པ་བསྐྲུན་པར་མདུན་སྐྱོད་ཁ་ཕྱོགས་བསྟན་པ་དང་གཞི་རྩའི་བསྲུང་བྱ་འདོན་སྤྲོད་བྱས་ཡོད།
ཁྲིན་ཀང་གིས་བསྟན་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་རྒྱུས་ལོན་ཡང་དག་པ་བྱེད་པའི་ཆེས་གཞི་རྩ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སྤྱིའི་ཇུས་འགོད་མཁན་དང་སྣེ་ཁྲིད་མཁན་ཡིན་པར་ངོས་འཛིན་ཟབ་མོ་བྱེད་དགོས་པ་དང་། གཏན་ཕབ་གཉིས་ནི་དཀའ་ཁག་ཡོད་ཚད་ལས་རྣམ་པར་རྒྱལ་བ་དང་། གཏན་འཁེལ་མེད་པའི་རང་བཞིན་ཡོད་ཚད་ལ་ཁ་གཏད་འཇལ་བའི་ངེས་གཏན་རང་བཞིན་ཆེ་ཤོས་དང་གདིང་ཤུགས་ཆེ་ཤོས། ཁག་ཐེག་ཆེ་ཤོས་ཡིན། སྔར་ལས་ལྷག་པའི་སྒོ་ནས་གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། སྔར་ལས་རང་རྟོགས་སྒོས་སྲུང་སྐྱོང་གཉིས་ལེགས་པོར་སྒྲུབ་དགོས་ལ། བློ་བརྟན་འགྱུར་མེད་སྒོས་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་སྲུང་འཛིན་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་སྤྱི་འདོམས་བྱེད་དགོས།
ཁྲིན་ཀང་གིས་བསྟན་དོན། དེང་རབས་ཅན་གྱི་མཚོ་སྔོན་གསར་པའི་འཕེལ་རྒྱས་ཐབས་ལམ་འཚོལ་ཞིབ་བྱེད་ན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ལས་བྱེད་པས་ཕྱོགས་གཅིག་ལ་བསམ་གཞིགས་གཏོང་བ་དང་ཕྱོགས་གཅིག་ལ་ཤུགས་བསྐྱེད་དགོས་ཤིང་། ད་ཡོད་ཀྱི་བྱ་བའི་རྨང་གཞིའི་སྟེང་ལྡབ་འགྱུར་སྒོས་འབད་བརྩོན་བྱས་ཏེ། རྩ་འཛུགས་ཀྱི་བཀོད་སྒྲིག་དེ་མི་ཚེ་ཡི་གདམ་གསེས་སུ་བསྒྱུར་བ་དང་། དཀའ་སྤྱད་ལས་སྒྲུབ་དེ་མི་ཚེ་ཡི་རིན་ཐང་དུ་བསྒྱུར་བ། ནུས་ཤུགས་ཡོད་རྒུ་འདོན་པ་དེ་མི་ཚེ་ཡི་རླབས་ཆེན་གྲུབ་འབྲས་སུ་བསྒྱུར་དགོས། དེང་སྐབས། མཚོ་སྔོན་ནི་འཕེལ་རྒྱས་ཀྱི་གནད་འགག་དུས་སྐབས་སུ་སླེབས་པས། མཚོ་སྔོན་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོབ། མི་རིགས་མཐུན་སྒྲིལ། དམངས་ཚིས་ལེགས་བཅོས་བྱེད་པ་སོགས་འགན་འཁྲི་གཙོ་བོ་ཡིད་ལ་དམ་པོར་བཅངས་ཏེ། ཀྲུང་དབྱང་གི་རེ་བ་ལག་བསྟར་བྱེད་པ་དང་། འཕེལ་རྒྱས་ཀྱི་གནས་བབ་དང་བསྟུན་པ། རང་ཉིད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ་མཐོར་འདེགས་སུ་གཏོང་དགོས། སྲུང་སྐྱོབ་དང་འཕེལ་རྒྱས་དང་ནང་ཤུགས་དང་ཕྱི་ཤུགས། ཁོངས་གཅིག་དང་ཁྱོན་ཡོངས། དོ་དམ་ནན་མོ་དང་གཅེས་སྐྱོང་བཅས་བར་གྱི་འབྲེལ་བ་ཐག་གཅོད་བཟང་བོ་བྱས་ཏེ། འཕེལ་རྒྱས་ཁྲོད་དུ་སྲུང་སྐྱོབ་བྱེད་པ་དང་སྲུང་སྐྱོབ་ཁྲོད་དུ་འཕེལ་རྒྱས་སུ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་ཁབ་ཀྱིས་རྒྱབ་སྐྱོར་དང་སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་གྱིས་རོགས་རམ་བྱེད་པ་དེ་མཚོ་སྔོན་འཕེལ་རྒྱས་ཀྱི་ནང་སྐྱེ་སྒུལ་ཤུགས་དང་ཟུང་འབྲེལ་བྱས་ནས། དངོས་གཉེར་ནུས་ལྡན་སྒོས་བྱ་བ་སྒྲུབ་པར་བརྟེན་ནས་མཉམ་དུ་མཚོ་སྔོན་གྱི་དོན་དག་ལེགས་པོར་སྒྲུབ་དགོས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཡིད་ཆེས་དང་མངག་བཅོལ་སྟོང་ཟད་དུ་གཏོང་མི་རུང་ལ། མཚོ་སྔོན་གྱི་རིགས་སོ་སོའི་མང་ཚོགས་ཀྱིས་བཅངས་པའི་རེ་བ་སྟོང་ཟད་དུ་གཏོང་མི་རུང་།
བཀྲ་ཤིས་འབུམ་གྱིས་བསྒྱུར།