ལིས་ཆང་གིས་རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་པའི་འཐུས་མི་དང་ལྷན་དུ་བཞུགས་མོལ་མཛད།
2023.03.31 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 10

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཟླ་གསུམ་པའི་ཚེས་སུམ་ཅུ་ཉིན་གྱི་ཕྱི་དྲོར། པོ་ཨའོ་རུ་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱི་ཉིས་སྟོང་ཉེར་གསུམ་ལོའི་ལོ་ཚོགས་ལ་ཞུགས་པའི་རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་པའི་འཐུས་མི་དང་ལྷན་དུ་བཞུགས་མོལ་གནང་།

ལིས་ཆང་གིས་ཀྲུང་གོ་སྲིད་གཞུང་གིས་རིགས་སོ་སོའི་ཁེ་ལས་འཕེལ་རྒྱས་ལ་ཁོར་ཡུག་དང་ཞབས་ཞུ་སྔར་ལས་གང་ལེགས་མཁོ་འདོན་བྱེད་རྒྱུ་ཡིན། ང་ཚོས་སྤྱི་ཁོག་སྲིད་ཇུས་མུ་མཐུད་བརྟན་པོ་ཡོང་བར་བྱས་ནས། ཚད་གཞི་མཐོ་བའི་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་གི་སྒྲིག་སྲོལ་དང་རང་འགུལ་ངང་སྦྲེལ་མཐུད་བྱས་ཏེ། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་བསྐྲུན་རྒྱུ་ཡིན། ང་ཚོས་ཕྱི་རྒྱལ་གྱི་མ་དངུལ་འགུག་ཐབས་དང་བེད་སྤྱོད་བྱེད་པའི་བྱ་བར་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་བྱེད་རྒྱུ་དང་། གོམ་སྟབས་རྗེས་མར་ཚོང་རར་ཞུགས་ཆོག་པའི་འགག་སྒོ་ཇེ་ཡངས་སུ་གཏོང་བ། སྒོ་འབྱེད་སྟེགས་བུ་སྣ་ཚོགས་རྒྱལ་སྤྱིའི་སྟེང་ཐུན་མོང་སྒོས་སྤྱད་ཆོག་པའི་སྒྲིག་སྲོལ་དང་སྦྲེལ་མཐུད་ལམ་ལུགས་མ་ལག་དང་ལྟ་སྐུལ་དོ་དམ་བྱེད་སྟངས་གང་མགྱོགས་སྒོས་གྲུབ་པར་རྒྱབ་སྐྱོར་བྱས་ཏེ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནན་མོ་གཏོང་རྒྱུ་ཡིན། ཀྲུང་གོར་དངུལ་གཏོང་བྱེད་པ་ནི་སྔར་ལས་ལེགས་པའི་འབྱུང་འགྱུར་གདམ་ག་བྱས་པ་ཞིག་ཀྱང་ཡིན་ཞེས་གསུངས།

ཚོགས་འདུར་ཞུགས་པའི་ཀྲུང་གོ་དང་ཕྱི་རྒྱལ་གྱི་ཁེ་ལས་པའི་འཐུས་མིས་ཀྲུང་གུང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་ནས་ད་ལོའི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་བར་དུ། འཛམ་གླིང་སྟེང་ཀྲུང་གོ་སྲིད་གཞུང་གིས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་ནན་མོ་བཏང་ནས། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་བསྐྲུན་འདོད་ཀྱི་ཆོད་སེམས་མཐོང་ཐུབ། རྒྱལ་ཁོངས་ལས་བརྒལ་བའི་ཁེ་ལས་ཀྱིས་ཀྲུང་གོར་མ་དངུལ་གཏོང་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས། ཀྲུང་གོ་རུ་ཡུན་རིང་འཕེལ་རྒྱས་བརྟན་པོ་གཏོང་འདོད་ཡོད་ཅེས་བསྟན།

ཝུའུ་ཀྲིན་ལུང་དང་ཆིན་ཀང་། ཧི་ཧུ་ཧྭ་སོགས་བཞུགས་མོལ་ཚོགས་འདུར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།