ལིས་ཆང་གིས་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མིར་མཇལ་འཕྲད་གནང་།
2023.03.31 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

ཟླ་གསུམ་པའི་ཚེས་ཉེར་དགུ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་པོ་ཨའོ་རུ་པོ་ཨའོ་ཨེ་ཤེ་ཡ་གླེང་སྟེགས་ཀྱི་ལས་འཛིན་དཔོན་ཕན་ཅི་ཝུན་སོགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མིར་མཇལ་འཕྲད་གནང་།

ལིས་ཆང་གིས་ད་ལོའི་གླེང་སྟེགས་ལོ་ཚོགས་ཀྱི་བརྗོད་དོན་ཏེ། གཏན་འཁེལ་མེད་པའི་འཛམ་གླིང་གིས་མཐུན་སྒྲིལ་མཉམ་ལས་སྒོས་འགྲན་སློང་བསུས་ནས། སྒོ་འབྱེད་དང་དཀྱེལ་ཡངས་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་པས་མིག་སྔའི་གནས་བབ་ཀྱི་ཁྱད་ཆོས་དང་དེ་བཞིན་མིའི་རིགས་ཀྱི་སྤྱི་ཚོགས་ཡར་ཐོན་དང་འཕེལ་རྒྱས་ཀྱི་བླང་བྱ་གང་ལེགས་སྒོས་མཚོན་ཡོད། མིག་སྔར་ཀྲུང་གོའི་དཔལ་འབྱོར་བརྟན་པོའི་ངང་འཕར་བའི་རྣམ་པ་མངོན་ཡོད། ང་ཚོས་སྤྱི་ཁོག་སྲིད་ཇུས་ལག་བསྟར་ནུས་ལྡན་བྱས་པ་བརྒྱུད་ལས་ཞུགས་བརྟན་པོ་དང་དངོས་གོང་བརྟན་པོ་ཡོང་བར་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་བརྒྱུད་སྒོ་འབྱེད་རྒྱ་ཆེ་རུ་གཏོང་བ་དང་ཚོང་གཉེར་གྱི་ཁོར་ཡུག་ཇེ་ལེགས་སུ་བཏང་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་གོམ་སྟབས་གསར་པ་སྤོ་རྒྱུ་ཡིན། གླེང་སྟེགས་འདིས་ཐོག་མའི་ཇུས་གཞི་བརྟན་སྲུང་བྱས་ནས། ཨེ་ཤེ་ཡ་དང་འཛམ་གླིང་བར་གྱི་བརྗེ་རེས་ལ་སྐུལ་འདེད་གཏོང་བ་དང་། འཛམ་གླིང་ཧྲིལ་པོའི་བཅོས་སྐྱོང་ལ་ཤུགས་སྣོན་པ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བའི། “པོ་ཨའོ་ཡི་ཇུས་གཞི”འཚོལ་ཞིབ་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས།

ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མིས་ཀྲུང་གོའི་ཆབ་སྲིད་བརྟན་པོ་དང་བཅོས་སྒྱུར་སྒོ་འབྱེད་ཀྱིས་འཛམ་གླིང་ལ་གཏན་འཁེལ་རང་བཞིན་ཆེན་པོ་ཞིག་བསྣན་ཡོད། ཕྱོགས་སོ་སོས་ཀྲུང་གོ་ཕྱོགས་དང་ལག་གདང་སྦྲེལ་ནས་མཉམ་ལས་བྱས་ཏེ། འཛམ་གླིང་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་མཉམ་དུ་ཁ་གཏད་འཇལ་ནས། རྒྱལ་སྤྱིའི་གནས་བབ་ཁྲོད་ཀྱི་གཏན་འཁེལ་མེད་པའི་རང་བཞིན་འདི་ཉིད་ཐུན་མོང་འཕེལ་རྒྱས་ཀྱི་གོ་སྐབས་སུ་བསྒྱུར་འདོད་ཡོད་ཅེས་བསྟན།

ཝུའུ་ཀྲིན་ལུང་སོགས་མཇལ་འཕྲད་ལ་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།