ལིས་ཆང་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱི་ཉིས་སྟོང་ཉེར་གསུམ་ལོའི་ལོ་ཚོགས་ཀྱི་མགོ་རྩོམ་མཛད་སྒོར་ཞུགས་ནས་བརྗོད་དོན་གསུང་བཤད་གནང་།
2023.03.31 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

ཟླ་གསུམ་པའི་ཚེས་སུམ་ཅུ་ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་པོ་ཨའོ་རུ་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱི་ཉིས་སྟོང་ཉེར་གསུམ་ལོའི་ལོ་ཚོགས་ཀྱི་མགོ་རྩོམ་མཛད་སྒོར་ཞུགས་ནས་བརྗོད་དོན་གསུང་བཤད་གནང་།

ལིས་ཆང་གིས་བསྟན་དོན། དེང་སྐབས་ཀྱི་འཛམ་གླིང་ལ་བརྟན་ལྷིང་མེད་པ་དང་གཏན་འཁེལ་མི་ཐུབ་པ། སྔོན་དཔག་བྱེད་དཀའ་བ་བཅས་ནི་རྒྱུན་རྣམ་ལྟ་བུར་གྱུར་ཡོད། ལོ་ངོ་བཅུའི་སྔོན་ལ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་གལ་ཆེན་ཐོག་མར་བཏོན་པ་དེ། དེང་སྐབས་དུས་རབས་ཀྱི་རླབས་རྒྱུན་དང་མིའི་རིགས་ཡར་ཐོན་ལ་སྣེ་ཁྲིད་བྱེད་པའི་དར་ཆ་ཞིག་དང་། ཡང་ན་འཛམ་གླིང་ཡུན་རིང་ཞི་བདེ་དང་ཐུན་མོང་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་གཏན་འཁེལ་རང་བཞིན་གྱི་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཤིག་ཏུ་གྱུར་ཡོད་ཅེས་གསུངས།

ལིས་ཆང་གིས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་དར་ཆ་མཐོན་པོར་སྒྲེང་ནས། ཨེ་ཤེ་ཡའི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་སྐྲུན་བྱས་ཏེ། འཛམ་གླིང་གི་ཞི་བདེ་བརྟན་ལྷིང་གི་རྟིང་རྡོ་དང་འཕར་སྣོན་གྱི་འབྱུང་ཁུངས། མཉམ་ལས་ཀྱི་མཐོ་ས་བཅས་བསྐྲུན་ནས། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཀྱི་ཆེད་དུ་སྔར་ལས་མང་བའི་གཏན་འཁེལ་རང་བཞིན་སྣོན་དགོས།  གཅིག་ནས་ཞི་བདེ་དང་བརྟན་ལྷིང་གི་འཕེལ་རྒྱས་ཁོར་ཡུག་ལ་མཉམ་དུ་སྲུང་སྐྱོབ་བྱས་ནས། མིག་སྔའི་ཟང་ཟིང་ཅན་དུ་འགྱུར་བཞིན་པའི་རྒྱལ་སྤྱིའི་གནས་བབ་ལ་གཏན་འཁེལ་རང་བཞིན་སྔར་ལས་གང་མང་སྣོན་དགོས། གཉིས་ནས་སྔར་ལས་གསོན་ཤུགས་ལྡན་པའི་འཕར་སྣོན་ལྟེ་གནས་མཉམ་དུ་བསྐྲུན་ནས། འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་ཆེད་གཏན་འཁེལ་རང་བཞིན་སྔར་ལས་གང་མང་སྣོན་དགོས། གསུམ་ནས་མཐུན་སྒྲིལ་མཉམ་ལས་ཀྱི་ནུས་ལྡན་ཐབས་ལམ་མཉམ་དུ་རྒྱ་སྐྱེད་བཏང་སྟེ། འགྱུར་ལྡོག་གཏིང་ཟབ་ཀྱི་འཛམ་གླིང་ཧྲིལ་པོའི་བཅོས་སྐྱོང་ལ་གཏན་འཁེལ་རང་བཞིན་སྔར་ལས་གང་མང་སྣོན་དགོས། བཞི་ནས་མི་ཆོས་རིག་གནས་བརྗེ་རེས་གཏིང་ཟབ་དང་ཏན་ཏིག་བྱ་རྒྱུར་མཉམ་དུ་སྐུལ་འདེད་བཏང་སྟེ། ཤེས་རིག་མི་འདྲ་བ་མཉམ་འདྲེས་བྱེད་པར་གཏན་འཁེལ་རང་བཞིན་སྔར་ལས་གང་མང་སྣོན་དགོས་པ་བཅས་ཡིན་ཞེས་གསུངས།

ཐེ་ཉིན་དང་ཝུའུ་ཀྲིན་ལུང། ཆིན་ཀང་། ཧི་ཧུ་ཧྭ་སོགས་མགོ་རྩོམ་མཛད་སྒོར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།