ཟླ་གསུམ་པའི་ཚེས་ཉེར་བརྒྱད་ཉིན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་དང་། ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ཨུ་ཡོན་ལྷན་ཁང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་འགན་འཁུར་མི་སྣས་ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་ལ་འཚམས་འདྲི་བྱས་པ་དང་། བྱ་བའི་སྙན་ཞུ་ཕུལ་ཏེ་རྒྱབ་སྐྱོར་བརྩོན་ལེན་བྱས། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་ཀྲུའུ་ཞི་ཧའོ་མེན་ཅིན་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཆིན་པོ་ཡུང་། དམངས་གཙོ་རྒྱལ་འཛུགས་ཀྲུང་དབྱང་གི་དྲུང་ཡིག་ཆེན་མོ་དང་རྟོག་ཞིབ་པུའུ་ཀྲང་གི་འགན་ཁུར་མཁན་ཁྲིན་པའེ་ལིན་སོགས་འབྲེལ་ཡོད་མགོ་ཁྲིད་གྲོས་མོལ་ལ་ཞུགས།
མགོན་པོ་བཀྲ་ཤིས་ཀྱིས་ཐོག་མར་དམངས་གཙོ་རྒྱལ་འཛུགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་སྲིད་གྲོས་སྟེགས་བུ་བརྒྱུད་དེ་འགན་སྒྲུབ་བྱས་པའི་གཞི་རྩའི་གནས་ཚུལ་ངོ་སྤྲོད་བྱས་ཏེ་བཤད་རྒྱུར། དམངས་གཙོ་རྒྱལ་འཛུགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་ནི་མཚོ་སྔོན་གྱི་དམངས་གཙོ་ཏང་ཁག་ལྔའི་ཁྲོད་དུ་བཙུགས་པ་ཆེས་སྔ་བའི་དམངས་གཙོ་ཏང་ཁག་གི་ས་གནས་རྩ་འཛུགས་གྲས་ཀྱི་གཅིག་ཡིན་ལ། ཉེ་བའི་ལོ་འདི་འགར་དམངས་གཙོ་རྒྱལ་འཛུགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་རྒྱུན་ཆད་མེད་པར་རང་ངོས་འཛུགས་སྐྲུན་ལ་ཤུགས་སྣོན་དང་། སྲིད་ཞུགས་སྲིད་གླེང་གི་ནུས་པ་ནུས་ཤུགས་ཡོད་དགུས་ཇེ་ཆེར་བཏང་ལ། དོན་དངོས་ལ་རྐང་བཙུགས་པ་དང་ཁྱད་སྟོབས་འདོན་སྤེལ་བྱས་ཤིང་། རྒྱལ་ཁབ་དང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་དཀྱིལ་སྙིང་བྱ་བར་དམིགས་ནས་བློ་འདོན་ཇུས་འབུལ་བྱས་ཏེ། དཔལ་འབྱོར་འཁོར་རྒྱུག་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ། མདོ་ལ་རི་བོའི་སྐྱེ་ཁམས་སྲུང་སྐྱོབ། ལཱིས་ཐོན་ལས་འཕེལ་རྒྱས་སོགས་ཀྱི་ཕྱོགས་ལ་ནུས་ལྡན་གྱི་གྲོས་གཞི་བཏོན་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ནུས་ཁུངས་གསར་པའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་། ཁོས་བསྟན་དོན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་སྔར་དང་འདྲ་བར་དམངས་གཙོ་རྒྱལ་འཛུགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་སྲིད་གྲོས་སྟེགས་བུ་བརྒྱུད་དེ་ནུས་པ་སྔར་ལས་ལྷག་པ་འདོན་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ལ། ཞིང་ཆེན་ཡོངས་ཀྱི་བྱ་བའི་སྤྱི་ཡོངས་ལ་དམིགས་ཏེ། དམངས་གཙོ་རྒྱལ་འཛུགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་མཉམ་འབྲེལ་རྟོག་ཞིབ་སྤེལ་ནས། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ཡིན།
ཧའོ་མེན་ཅིན་དང་ཆིན་པོ་ཡུང་གཉིས་ཀྱིས་མཚོ་སྔོན་ཀྱིས་དམངས་གཙོ་རྒྱལ་འཛུགས་བྱ་བར་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས་པ་དང་། ཁོ་ཚོས་བསྟན་དོན། དམངས་གཙོ་རྒྱལ་འཛུགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་བླངས་པའི་གྲུབ་འབྲས་ཀྱི་རྩ་བ་དེ་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་དང་ཞིང་ཆེན་སྲིད་གྲོས་ཀྱི་མཛུབ་སྟོན་ལ་རག་ལས་ཡོད། ཉེ་བའི་ལོ་འདི་འགར། དམངས་གཙོ་རྒྱལ་འཛུགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་བསམ་བློ་འཛུགས་སྐྲུན་དང་། བྱེད་ཕྱོགས་འཛུགས་སྐྲུན། སྲིད་ཞུགས་སྲིད་གླེང་། སྤྱི་ཚོགས་ཞབས་ཞུ་སོགས་ཀྱི་ཕྱོགས་ནས་གྲུབ་འབྲས་གསར་པ་བླངས་ཡོད། སྐྱེ་ཁམས་འཛུགས་སྐྲུན་ཁྱབ་ཁོངས་སུ་རྒྱུན་མཐུད་ངང་ཇུས་འབུལ་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བྱ་བར་སྐུལ་འདེད་བཏང་ལ། སྤྱི་ཚོགས་ཞབས་ཞུའི་མཚན་སྙན་བསྐྲུན་ཏེ་མ་དངུལ་སྒོར་བྱེ་བ་གཅིག་བསྡུ་རུབ་བྱས་ནས་རིགས་སོ་སོའི་སྤྱི་ཚོགས་སྤྱི་ཕན་ལས་དོན་སྤེལ། མཚོ་སྔོན་གྱི་ལཱིས་ཐོན་ལས་འཕེལ་རྒྱས་ཀྱི་ཕྱོགས་ནས། ཚན་རིག་ཞིབ་འཇུག་ནས་ཐོན་ལས་འཕེལ་རྒྱས་ཐད་ཀྱི་ལས་དོན་གང་མང་སྤེལ་ནས་མཚོ་སྔོན་གྱི་ལཱིས་ཐོན་ལས་འཕེལ་རྒྱས་ཐད་རོགས་ཤུགས་བཏོན། རིམས་ནད་འགོག་སྡོམ་ཁྲོད་དུ། རིམས་འགོག་དངོས་ཟོག་དང་མ་དངུལ་འབོར་ཆེན་གྲབས་གསོག་བྱས་ཏེ་རིམས་འགོག་བྱ་བར་རྒྱབ་སྐྱོར་ནུས་ལྡན་བྱས། ཁོ་ཚོས་ནན་གྱིས་བསྟན་དོན། དམངས་གཙོ་རྒྱལ་འཛུགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྐབས་སུ་གནང་བའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། སྤུས་ཚད་མཐོན་པོས་འཕེལ་རྒྱས་གཏོང་བའི་ཐོག་མའི་ལས་འགན་འདིར་དམ་དུ་དམིགས་ནས། སྲིད་ཞུགས་སྲིད་གླེང་དང་དམངས་གཙོ་ལྟ་སྐུལ། ཆབ་སྲིད་གྲོས་མོལ། སྤྱི་ཚོགས་ཞབས་ཞུ་སོགས་ཀྱི་འགན་ནུས་སོ་སོ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། རང་ངོས་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་པ་བཅས་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་སྲིད་ཞུགས་ཏང་གི་ས་གནས་རྩ་འཛུགས་ཀྱི་འགན་འཁྲིའི་འོས་འགན་རང་རྟོགས་སྒོས་ལག་བསྟར་བྱེད་དགོས།
གྲོས་མོལ་མཇུག་སྒྲིལ་རྗེས། དམངས་གཙོ་རྒྱལ་འཛུགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་འགན་ཁུར་མི་སྣ་དམངས་གཙོ་རྒྱལ་འཛུགས་ཀྲུང་དབྱང་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་གཞུང་སྒྲུབ་ཁང་དུ་སོང་ནས་འཚམས་འདྲི་བསམ་ཚུལ་བརྗེ་རེས་བྱས།
རིག་འཛིན་སྒྲོལ་མས་བསྒྱུར།