ཟླ་གསུམ་པའི་ཚེས་ཉེར་བརྒྱད་ཉིན། ཞིང་ཆེན་ཡོངས་ཀྱི་དཔྱིད་འདེབས་ཐོན་སྐྱེད་ཡུལ་དངོས་སྐུལ་སྤེལ་ཚོགས་འདུ་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་དུ་འཚོགས། གྲོས་ཚོགས་ནས་ཀྲུང་དབྱང་ཞིང་སྡེ་བྱ་བའི་གྲོས་ཚོགས་དང་རྒྱལ་ཡོངས་དཔྱིད་ཀའི་ཞིང་ལས་ཐོན་སྐྱེད་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་ནན་མོ་བྱས་ཤིང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་རེ་བ་ཕྱོགས་ཡོངས་ནས་དངོས་འབེབས་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་དཔྱིད་འདེབས་གྲ་སྒྲིག་གནས་བབ་དང་ལས་འགན་ལ་དབྱེ་ཞིབ་དང་བརྡར་ཤ་བཅད་པར་མ་ཟད། ཉམས་མྱོང་དང་སྒྲུབ་སྟངས་སྤྱི་བསྡོམས་དང་བརྗེ་རེས་བྱས་པ་དང་བྱ་བ་གཙོ་བོར་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།
གྲོས་ཚོགས་ནས་བསྟན་དོན། དེང་སྐབས་དཔྱིད་འདེབས་ཐོན་སྐྱེད་ཀྱི་གནད་འགག་དུས་སྐབས་སུ་སླེབས་ཡོད་པས། དཔྱིད་འདེབས་གྲ་སྒྲིག་བྱ་བའི་གལ་ཆེན་རང་བཞིན་དང་དགོས་གལ་རང་བཞིན་ལ་ངོས་འཛིན་ཟབ་མོ་བྱས་ཏེ། རང་རྟོགས་སྒོས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་འགན་སྲུང་བྱེད་པའི་ཆབ་སྲིད་འགན་འཁྲི་ཕྲག་ཏུ་ལེན་པ་དང་། སྟོབས་ཤུགས་ཡོད་རྒུ་བཏོན་ནས་ལོ་ཧྲིལ་བོའི་འབྲུ་རིགས་ལ་ལོ་ལེགས་འབྱུང་བར་བྱེད་དགོས། འདེབས་འཛུགས་བྱ་བ་དམ་འཛིན་བྱེད་པ་དང་སྟོབས་ཤུགས་ཡོད་རྒུ་བཏོན་ནས་ཞིང་ལས་ལོ་ཏོག་གི་འདེབས་འཛུགས་ལས་འགན་ཡོངས་འགྲུབ་བྱས་ནས། འབྲུ་སྣུམ་གྱི་གཞི་ཁྱོན་འཕར་བ་ལས་ཇེ་ཆུང་དུ་མི་འགྲོ་བར་འགན་སྲུང་བྱེད་དགོས། ལྗང་མདོག་སྐྱེ་ལྡན་སྔོ་ཚོད་འཕེལ་རྒྱས་སུ་གཏོང་བ་དང་། དྲོད་ཁང་རྙིང་བ་སྒྱུར་བཀོད་བྱེད་པར་ཤུགས་སྣོན་ཞིང་སྔོ་ཚོད་འདེབས་འཛུགས་རྟེན་གཞིར་རོགས་སྐྱོར་བྱས་ནས། སྔོ་ཚོད་མཁོ་འདོན་བྱ་བར་འགན་སྲུང་བྱེད་དགོས། ཞབས་ཞུའི་འགན་སྲུང་ནུས་པ་ཇེ་ཆེར་བཏང་སྟེ། ཚན་རྩལ་ཁྱབ་གདལ་དང་ཞབས་ཞུ་ཐད་ནས་ཕན་འབྲས་ཐོབ་པར་བྱེད་པ་དང་། བདག་གཉེར་རྣམ་པ་བསྒྱུར་བའི་ཐད་ནས་ཕན་འབྲས་ཐོབ་པར་བྱེད་པ། ས་ཞིང་སྲུང་སྐྱོབ་ནུས་པ་མཐོར་འདེགས་སུ་གཏོང་བའི་ཐད་ནས་ཕན་འབྲས་ཐོབ་པར་བྱེད་པ། ཞིང་ཁའི་དོ་དམ་དང་མཁོ་འདོན་འགན་སྲུང་དང་རིན་གོང་བརྟན་འཇགས་ཐད་ནས་ཕན་འབྲས་ཐོབ་པར་བྱས་ནས། ཞིང་ཕྱུགས་ལས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་བའི་དམིགས་འབེན་མངོན་འགྱུར་བྱེད་དགོས།
ཚོགས་ཐོག་ནས་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱིས་དཔྱིད་འདེབས་གྲ་སྒྲིག་དང་ཐོན་སྐྱེད་བྱ་བར་བཀོད་སྒྲིག་བྱས་ཤིང་། ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཅུའུ་ཡིས་དཔྱིད་ཀའི་ནམ་ཟླའི་གནས་བབ་ལ་དབྱེ་ཞིབ་བྱས་པ་ཁྱབ་སྒྲོག་བྱས་པ་དང་། ཟི་ལིང་གྲོང་ཁྱེར་དང་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་། ཞིང་ཆེན་གཙང་གསུམ་སྡེ་ཚོགས་བཅས་ཀྱིས་བརྗེ་རེས་གཏམ་བཤད་སྤེལ།
བཀྲ་ཤིས་འབུམ་གྱིས་བསྒྱུར།