ཟླ་གསུམ་པའི་ཚེས་ཉེར་དྲུག་ཉིན་ནས་ཚེས་ཉེར་བརྒྱད་ཉིན་བར། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀྲང་ཧོང་ཡོན་མཚོ་ནུབ་ཁུལ་མང་ངེ་གྲོང་ཁྱེར་དུ་སོང་ནས་ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་དྲོད་ཁྲོལ་སྐྱེལ་བའི་བྱ་བར་རྟོག་ཞིབ་མཛུབ་སྟོན་བྱས།
ཀྲང་ཧོང་ཡོན་སོགས་ཀ་སི་སྣུམ་ཞིང་མཉམ་འབྲེལ་ས་ཚིགས་དང་མཚོ་སྔོན་ཁྲུང་ཨན་ཚད་ཡོད་ཀུང་ཟི། ཅིན་ཞིན་དཔང་ལུང་ཅཱ་ལུད་ཚད་ཡོད་ཀུང་ཟི་སོགས་ཁེ་ལས་བརྒྱད་ལ་སོང་ནས་འཚམས་འདྲི་དང་རྟོག་ཞིབ་བྱས་པ་དང་། ཁེ་ལས་འཁོར་རྒྱུག་གི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་པར་མ་ཟད། གཙོ་བོར་ཁེ་ལས་འཕེལ་རྒྱས་ཀྱི་མདུན་དུ་ལྷགས་པའི་གནད་དོན་དང་དཀའ་ཁག སྲིད་གཞུང་གི་དོ་སྣང་དང་རོགས་སྐྱོར་ལ་རེ་སྒུག་བྱེད་པའི་ཞུ་གཏུག་སོགས་ཀྱི་ནང་དོན་ལ་དམིགས་ནས། ཁེ་ལས་ཀྱི་འགན་ཁུར་མི་སྣ་དང་མཚོ་ནུབ་ཁུལ་དང་མང་ངེ་གྲོང་ཁྱེར་སྲིད་གཞུང་། འབྲེལ་ཡོད་སྡེ་ཁག་བཅས་ཀྱི་འགན་ཁུར་མི་སྣ་དང་བཞུགས་མོལ་བརྗེ་རེས་བྱས།
ཀྲང་ཧོང་ཡོན་གྱིས་ནན་གྱིས་བསྟན་དོན། ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་དྲོད་ཁོལ་སྐྱེལ་བའི་དཔྱིད་རླུང་འགུལ་སྐྱོད་ནི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་གོ་སྐབས་དམ་འཛིན་བྱས་ནས། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ཡིན་པས། བསམ་བློའི་ངོས་ཟིན་ཇེ་ཟབ་ཏུ་གཏོང་བ་དང་ཁེ་ལས་ལ་རོགས་སྐྱོར་བྱེད་པའི་ནུས་པ་མཐོར་འདེགས་སུ་གཏོང་དགོས། ཁེ་ལས་ལ་རོགས་སྐྱོར་བྱེད་པའི་འབྲེལ་འདྲིས་མི་སྣ་འདེམ་པ་དང་། ཆེད་ལས་གསོ་སྦྱོང་ལ་ཤུགས་སྣོན་པ། སྲིད་ཇུས་དྲིལ་སྒྲོག་གི་གནད་ཕིགས་རང་བཞིན་ཇེ་དྲག་ཏུ་བཏང་ནས། མཐུན་སྦྱོར་ངང་གནད་དོན་ཐག་གཅོད་པའི་ཕན་འབྲས་རང་བཞིན་ཇེ་མཐོར་གཏོང་དགོས། ཚན་རྩལ་གསར་གཏོད་ལ་དོ་སྣང་བྱས་ཏེ། ཐོན་སྐྱེད་ཀྱི་སྤུས་ཚད་ཕན་འབྲས་མཐོར་འདེགས་སུ་གཏོང་དགོས། འཛམ་གླིང་གི་མདུན་གྲས་ལ་དམིགས་ནས་ཚན་རྩལ་མ་ལག་དང་ནུས་པ་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཚན་རྩལ་ཞིབ་འཇུག་རྒྱ་ཆེར་སྤེལ་བ། ཤེས་ལྡན་མི་སྣ་ནང་འདྲེན་དང་སྐྱེད་སྲིང་བྱེད་པ་དང་ཚན་རྩལ་གྲུབ་འབྲས་བསྒྱུར་ནས། ཚན་རྩལ་གསར་གཏོད་ཀྱི་སྣེ་ཁྲིད་ལ་བརྟེན་ནས་ཁེ་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་དགོས། འཕེལ་རྒྱས་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། གནད་ཕིགས་ཞབས་ཞུ་འདོན་སྤྲོད་བྱེད་དགོས། ཁེ་ལས་ཀྱི་དགོས་མཁོ་ལ་ལན་འདེབས་པ་དང་། གནད་དོན་ཐག་གཅོད་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། ཁེ་ལས་ལ་རོགས་བྱས་ནས་ཡིད་ཆེས་ཇེ་བརྟན་དུ་བཏང་སྟེ། དཀའ་ཁག་ཐག་གཅོད་དགོས། ཁྲིམས་སྐྱོང་འགན་སྲུང་ལག་བསྟར་བྱེད་པ་དང་། ཚོང་གཉེར་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་དགོས། ཡིད་རྟོན་སྲིད་གཞུང་དང་ཡིད་རྟོན་ཁེ་ལས་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ་དང་། ཁྲིམས་སྐྱོང་ལག་ལེན་ལ་ཤུགས་བསྣན་ནས། ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱེད་པར་འགན་སྲུང་བྱེད་དགོས། ཉེན་ཁ་འགོག་སྲུང་ལ་ཤུགས་སྣོན་པ་དང་། བདེ་འཇགས་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་དགོས། ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་པ་དང་། བདེ་འཇགས་ཀྱི་ཚད་མཐའ་བརྟན་སྲུང་བྱེད་དགོས། འགོག་སྲུང་གཙོར་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། དངུལ་རྩའི་ཉེན་ཁ་གལ་ཆེན་འགོག་སྲུང་བྱས་ཏེ། མ་ལག་རང་བཞིན་གྱི་ཉེན་ཁའི་ཚད་མཐའ་བརྟན་སྲུང་བྱེད་དགོས།
རིན་ཆེན་མཚོས་བསྒྱུར།