ལིས་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་གཙང་བྱ་བའི་གྲོས་ཚོགས་ཐེངས་དང་པོའི་སྟེང་ནས་གསུང་བཤད་གལ་ཆེན་གནང་།
2023.04.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 121

ཟླ་གསུམ་པའི་ཚེས་སོ་གཅིག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྲིད་གཙང་བྱ་བའི་གྲོས་ཚོགས་ཐེངས་དང་པོ་བསྡུས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང། ཏང་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་དགོས་པའི་སྐོར་གྱི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་བྱས་ཏེ། བློ་བརྟན་འགྱུར་མེད་ངང་སྲིད་གཞུང་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གིས་ཚོགས་འདུར་མགོ་འཛིན་གནང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧི་ལིས་ཧྥུན་དང་ཀྲང་གོ་ཆིན། ལིག་གོ་ཀྲུང་བཅས་དང་། རྒྱལ་སྲིད་ཨུ་ཡོན་ཝང་ཞའོ་ཧུང་དང་ཝུའུ་ཀྲིན་ལུང་། ཁྲིན་ཡུས་ཆིན་བཅས་ཚོགས་འདུར་ཞུགས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལིས་ཞི་དང་། ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལིག་ཅིན་གོ་གདན་དྲངས་པ་ལྟར་ཚོགས་འདུར་ཞུགས།

ལིས་ཆང་གིས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའིའཐབ་ཇུས་བྱེད་ཕྱོགས་ལག་ལེན་གཏིང་ཟབ་བྱས་ནས། བློ་བརྟན་འགྱུར་མེད་ངང་སྲིད་གཞུང་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་ལས་དོན་གཏིང་ཟབ་ས་ནས་ཟབ་སའི་ཕྱོགས་སུ་འཕེལ་བར་སྐུལ་འདེད་བཏང་སྟེ། མི་དམངས་ཀྱི་འདོད་བློ་ཚིམ་པའི་ཁྲིམས་སྐྱོང་སྲིད་གཞུང་དང་གསར་གཏོད་སྲིད་གཞུང་། སྤྱོད་གཙང་སྲིད་གཞུང་། ཞབས་ཞུ་རྣམ་པའི་སྲིད་གཞུང་བཅས་འཛུགས་སྐྲུན་གང་ལེགས་བྱེད་དགོས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱེད་མཁན་དང་བྱ་སྤྱོད་སྤེལ་མཁན། ལས་དོན་སྒྲུབ་མཁན་བཅས་ཡག་པོ་ཡོང་བར་དམ་དུ་དམིགས་ཏེ། སྒྲིག་ཁྲིམས་སྔར་ལས་ཇེ་དམ་དུ་གཏོང་བ་དང་ལྟ་སྐུལ་ལ་ཤུགས་བསྣན་ནས། ཏང་ཀྲུང་དབྱང་གི་སྲིད་བཀའ་གེགས་མེད་ཡོང་བ་དང་གང་གསུང་དེ་སྒྲུབ་ཐུབ་པར་འགན་ལེན་བྱེད་དགོས། སྙིང་རུས་ལྷོད་མེད་སྒོས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱས་ནས། རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་ནུས་པ། རུལ་སུངས་བྱེད་མི་འདོད་པ། གཙོ་གནད་ཁྱབ་ཁོངས་ཀྱི་རུལ་སུངས་གནད་དོན་ལ་དོགས་ཟོན་མཐོར་འདེགས་དང་ཞིབ་བཤེར་ཐག་གཅོད་ནན་མོ་བཅས་བྱེད་དགོས། སྲིད་གཞུང་གི་འགན་ནུས་བསྒྱུར་བར་སྐུལ་འདེད་གཏིང་ཟབ་བཏང་སྟེ། ལམ་ལུགས་ལ་བརྟེན་ནས་དབང་ཆ་རང་འདོད་ཅན་དུ་མི་འགྱུར་བར་བྱེད་དགོས་ཞེས་གསུངས།

ལིས་ཆང་གིས་རིམ་པ་སོ་སོའི་སྲིད་གཞུང་དང་དེའི་ལས་བྱེད་མི་སྣས་ཏང་གི་ཆབ་སྲིད་འཛུགས་སྐྲུན་གཙོ་བོར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་དེ་ལག་བསྟར་གཏིང་ཟབ་བྱས་ཏེ། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས། “འདུ་ཤེས་བཞི”སྔར་ལས་ཇེ་དྲག་ཏུ་གཏོང་བ་དང“ཡིད་རྟོན་བཞི”སྔར་ལས་ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱེད་དགོས། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་རང་བདག་འགན་འཁྲི་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། སྤྱོད་གཙང་གཞུང་དྲང་དང་ལས་སྒྲུབ་གསར་གཏོད་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་དགོས་ཞེས་ནན་གྱིས་གསུངས།

བན་དེ་སྐྱབས་ཀྱིས་བསྒྱུར།