ཟླ་གསུམ་པའི་ཚེས་སོ་གཅིག་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཀྲུང་གོར་འཚམས་འདྲི་རུ་ཡོང་བའི་སིང་ཀ་ཕོར་གྱི་ཙུང་ལི་ལིས་ཞན་ལུང་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་ཨེ་ཤེ་ཡ་ཤར་ལྷོའི་རྒྱལ་ཁབ་ཁྲོད་སིང་ཀ་ཕོར་ནི་ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་ཁྲོད་ཞུགས་ཚད་ཆེ་ཤོས་ཡིན་པའི་དབང་གིས། ཀྲུང་གོའི་ཁེ་ཕན་དང་མཉམ་འདྲེས་དམ་ཟབ་བྱས་ཡོད། ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད་པས། ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་གསོན་ཤུགས་སྔར་ལས་ཆེ་རུ་འགྲོ་རྒྱུ་ཡིན་ལ། སིང་ཀ་ཕོར་སོགས་ཀྲུང་གོ་དང་མཉམ་ལས་བྱེད་འདོད་ཡོད་པའི་རྒྱལ་ཁབ་སོ་སོའི་བར་གོ་སྐབས་གལ་ཆེན་མཉམ་སྤྱོད་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་སིང་ཀ་ཕོར་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་སིང་ཀ་ཕོར་ཕྱོགས་གཉིས་ཀའི་མཉམ་ལས་ལམ་སྲོལ་ཚོགས་འདུའི་སྟེགས་བུ་མུ་མཐུད་ཡག་པོ་སྤྱོད་རྒྱུ་དང་། སྐམ་མཚོ་གཉིས་ཀྱི་བགྲོད་ལམ་གསར་པ་གཏོད་རྒྱུར་ཤུགས་སྣོན་པ། གཞི་གྲངས་ཅན་དང་ལྗང་མདོག་ཅན། ཕྱོགས་གསུམ་པའི་མཉམ་ལས་བཅས་སྔར་ལས་གཏིང་ཟབ་ཏུ་གཏོང་བ། རྒྱལ་ཁབ་གཉིས་ཀའི་མི་སྣ་འགྲོ་འོང་ལ་བབ་བརླིང་ངང་སྐུལ་འདེད་གང་ལེགས་གཏོང་འདོད་ཡོད་ཅེས་གསུངས།
ལིས་ཞན་ལུང་གིས་ངས་ད་ཐེངས་ཀྱི་འཚམས་འདྲི་བརྒྱུད། སིང་ཀ་ཕོར་དང་ཀྲུང་གོའི་ཁྱོན་ཡོངས་ཀྱི་སྤུས་ཚད་མཐོ་བའི་རྒྱང་ལྟའི་རང་བཞིན་གྱི་རོགས་རེས་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་གསོན་ཤུགས་གསར་པ་བསྣན་ནས། སིང་ཀ་ཕོར་དང་ཀྲུང་གོའི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་གྲུབ་འབྲས་སྔར་ལས་ཆེན་པོ་ཐོབ་ངེས་པར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད། འཛམ་གླིང་འདིའི་སྟེང་གི་རྒྱལ་ཁབ་ཚང་མས་འཛམ་གླིང་སྟེང་དུ་ཀྲུང་གོ་གཅིག་ལས་མེད་པའི་གནས་ཚུལ་ཁས་ལེན་བྱེད་ཀྱིན་ཡོད་ཅིང་། ཀྲུང་གོ་གཅིག་ལས་མེད་པའི་སྲིད་ཇུས་ཀྱི་རྨང་གཞིའི་སྟེང་དུ། གཞི་ནས་ཀྲུང་གོ་དང་མཛའ་མཐུན་མཉམ་ལས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་བཞིན་ཡོད་ཅེས་བསྟན།
ཕྱོགས་གཉིས་ཀས་ད་དུང་མཉམ་དུ་དོ་ཁུར་བྱེད་ཀྱིན་པའི་རྒྱལ་ཁབ་ཆེན་མོའི་འབྲེལ་བ་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་ནས་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་།
ཝང་དབྱི་དང་ཆིན་ཀང་སོགས་མཇལ་འཕྲད་ཁྲོད་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།