མཚོ་སྔོན་ཞིང་ཆེན་གྱི་མི་དམངས་ཡིད་ཚིམ་པའི་གཞུང་ཞབས་པ་དང་མི་དམངས་ཡིད་ཚིམ་པའི་གཞུང་ཞབས་པའི་ཐུན་མོང་གི་གཟེངས་བསྟོད་ཚོགས་འདུ་སྐབས་བཞི་བ་ཟླ་གསུམ་པའི་ཚེས་སོ་གཅིག་ཉིན་ཟི་ལིང་དུ་བསྡུས་པ་དང་། ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་ཡིད་ཚིམ་པའི་གཞུང་ཞབས་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་པའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། རྒྱལ་ཡོངས་ཀྱི་མི་དམངས་ཡིད་ཚིམ་པའི་གཞུང་ཞབས་པ་དང་མི་དམངས་ཡིད་ཚིམ་པའི་གཞུང་ཞབས་པའི་ཐུན་མོང་གི་གཟེངས་བསྟོད་ཚོགས་འདུའི་དགོངས་དོན་དོན་འཁྱོལ་ནན་མོ་བྱས་ལ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ལས་ཁུངས་དང་རྒྱ་ཆེའི་གཞུང་ཞབས་པས་སྔོན་ཐོན་ལ་དཔེ་ལྟ་བྱེད་པ་དང་དཔེ་མཚོན་མིག་དཔེ་རུ་བྱེད་པར་སྐུལ་སློང་བྱེད་པ་དང་། རླབས་ཆེན་གྱི་ཏང་འཛུགས་དགོངས་པ་དར་སྤེལ་བཏང་ཞིང་ལོ་རྒྱུས་ཀྱི་རང་འགུལ་ཇེ་དྲག་ཏུ་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བསྐྱོད་ལམ་གསར་བའི་སྟེང་། ལོ་རྒྱུས་ལ་ངོ་གནོང་མི་དགོས་པ་དང་མི་དམངས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་བའི་ཡིད་ཚིམ་པའི་རྒྱུགས་ལན་སྤྲད།
ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཀྲའོ་ཡུའེ་ཞ་ཡིས་གཟེངས་བསྟོད་ཐག་གཅོད་སྒྲོག་འདོན་བྱས། ཞིང་ཆེན་གྱི་འགོ་ཁྲིད་པ་ཝང་ཏ་ནན་དང་ཀྲུའུ་ཞང་ཧྥིན། དབྱང་ཧྥིན་ཁྲུན། དབྱང་ཀྲི་ཝུན། ཕིན་ཡིའུ་ཏུང་བཅས་ཚོགས་འདུར་ཞུགས།
ཚོགས་ཐོག་ནས་ཞིང་ཆེན་ཡོངས་ཀྱི་མི་དམངས་ཡིད་ཚིམ་པའི་གཞུང་ཞབས་པ་བཅུ་དང་ཞིང་ཆེན་ཡོངས་ཀྱི་མི་དམངས་ཡིད་ཚིམ་པའི་གཞུང་ཞབས་པའི་ཐུན་མོང་དགུ་ལ་གཟེངས་བསྟོད་བྱས། རྒྱལ་ཡོངས་ཀྱི་མི་དམངས་ཡིད་ཚིམ་པའི་གཞུང་ཞབས་པ་དང་མི་དམངས་ཡིད་ཚིམ་པའི་གཞུང་ཞབས་པའི་ཐུན་མོང་གི་འཐུས་ཚབ་ཀུན་དགའ་བཀྲ་ཤིས་དང་ཁྲིན་ཞིག་ཡན། ཞིང་ཆེན་ཡོངས་ཀྱི་མི་དམངས་ཡིད་ཚིམ་པའི་གཞུང་ཞབས་པ་དང་མི་དམངས་ཡིད་ཚིམ་པའི་གཞུང་ཞབས་པའི་ཐུན་མོང་གི་འཐུས་ཚབ་དཀོན་མཆོག་སྒྲོལ་མ་དང་ཝང་ཡན་ཧྲིན་བཅས་ཀྱིས་བརྗེ་རེས་གཏམ་བཤད་བྱས།
ཁྲིན་ཀང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་གཟེངས་བསྟོད་ཐོབ་པའི་ཐུན་མོང་དང་མི་སྒེར་ལ་རྟེན་འབྲེལ་ཞུས་པ་དང་། ལས་རིགས་སོ་སོ་དང་ཁྱབ་ཁོངས་སོ་སོ་རུ་འབད་བརྩོན་བྱེད་བཞིན་པའི་གཞུང་ཞབས་པར་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས། ཁོས་ནན་གྱིས་བསྟན་དོན། མི་དམངས་ཡིད་ཚིམ་པ་ནི་དར་ཆ་ཞིག་ཡིན་པ་དང་། དེས་རྒྱ་ཆེའི་གཞུང་ཞབས་པ་ཚོས་ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་ཡིད་ལ་དམ་པོར་བཟུང་ནས། རང་རྟོགས་སྒོས་མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་དགོངས་པ་ལག་བསྟར་བྱེད་པར་སྐུལ་སློང་བྱེད་ཐུབ་ལ། མི་དམངས་ཡིད་ཚིམ་པ་ནི་མེ་ལོང་ཞིག་ཡིན་པ་དང་། དེས་རྒྱ་ཆེའི་གཞུང་ཞབས་པ་ཚོས་ཕུལ་བྱུང་ཅན་ལ་དཔེ་ལྟ་དང་དཔའ་ངར་ཆེར་སྐྱེད་ཀྱིས་སྔོན་ཐོན་བརྩོན་ལེན་བྱས་ནས། བསྐྱོད་ལམ་གསར་བའི་སྟེང་དཀའ་སྤྱད་འབད་འཐབ་དང་དཔའ་སྐྱེད་མདུན་སྐྱོད་བྱེད་པར་སྣེ་ཁྲིད་བྱེད་ཐུབ། མི་དམངས་ཡིད་ཚིམ་པར་བྱེད་ན། ཡིད་རྟོན་ཇེ་བརྟན་དུ་གཏོང་བ་དང་། ཏང་ལ་བློ་དཀར་བོ་བྱེད་དགོས། བློ་བརྟན་འགྱུར་མེད་ཀྱིས་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་སྟེང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོན་པོས་གཅིག་གྱུར་བྱེད་པ་དང་། བྱ་སྤྱོད་དངོས་ཀྱི་སྟེང་ནས་གཏན་ཕབ་གཉིས་གོང་བཀུར་བྱེད་པ་དང་སྲུང་སྐྱོང་གཉིས་བཟང་བོར་བསྒྲུབ་ནས། རྒྱུན་འཁྱོངས་ལྷོད་མེད་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སྤྱད་དེ་སེམས་ཤུགས་གཅིག་ཏུ་བསྒྲིལ་དགོས། མི་དམངས་ཡིད་ཚིམ་པར་བྱེད་ན། དམིགས་འབེན་ཡིད་ལ་དམ་པོར་འཛིན་པ་དང་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས། མི་དམངས་བླ་ན་མེད་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། ཏང་གི་མང་ཚོགས་ལམ་ཕྱོགས་རྒྱུན་འཁྱོངས་དང་ལག་བསྟར་བྱེད་པ། མི་དམངས་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་བཟང་བོ་བྱས་ཏེ། ཆབ་སྲིད་ཀྱི་རིག་སྟོབས་ཇེ་ཟབ་ཏུ་གཏོང་བ་དང་སྲིད་འཛིན་གྱི་ནུས་པ་ཇེ་མཐོར་གཏོང་བ། རང་ངོས་ཀྱི་ནུས་པ་ཇེ་མཐོར་གཏོང་རྒྱུ་དེ་མི་དམངས་མང་ཚོགས་ཀྱི་ཁྲོད་དུ་སུམ་པར་བྱེད་དགོས། མི་དམངས་ཡིད་ཚིམ་པར་བྱེད་ན། སྲིད་བརྩོན་དངོས་གཉེར་བྱེད་པ་དང་ལས་རྐང་ལ་བློ་དཀར་བར་བྱེད་དགོས། ཏང་དང་མི་དམངས་ཀྱི་མངག་བཅོལ་ཡིད་ལ་དམ་པོར་འཛིན་པ་དང་། ཆབ་སྲིད་གྲུབ་འབྲས་ལྟ་བ་ཡང་དག་འཛུགས་པ། སྲིད་བརྩོན་དངོས་གཉེར་དེ་ལས་གཉེར་ལས་སྐྲུན་གྱི་སྲོག་རྩ་རུ་བརྩི་བ། གོ་གནས་གང་ཞིག་བཟུང་ན་དེ་ཡི་སྲིད་དོན་བསྒྲུབ་པ་དང་། ལས་འགན་ཕྲག་ཏུ་བླངས་ཚེ་འགན་འཁྲི་ལག་བསྟར་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པའི་ཐད་རིག་སྟོབས་དང་སྟོབས་ཤུགས་འབུལ་དགོས། མི་དམངས་ཡིད་ཚིམ་པར་བྱེད་ན། ཁག་ཁུར་བྱེད་ཕོད་པ་དང་མཐུན་སྒྲིལ་འབད་འཐབ་བྱེད་དགོས། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། འཐབ་རྩོད་ཀྱི་ནུས་པ་ཇེ་མཐོར་གཏོང་བ། དཀའ་ཁག་གདོང་གིས་བསུ་ཕོད་པ་དང་དཀའ་གནད་ཐག་གཅོད་པ། བརྟག་བཤེར་ཞིབ་འཇུག་གི་བྱེད་ཐབས་བཟང་བོ་བཀོལ་སྤྱོད་བཟང་བོ་བྱེད་པ། དཔེ་ཀློག་མཚོ་སྔོན་གྱི་སྣེ་ཁྲིད་པ་བྱས་ཏེ། གོམ་སྟབས་རེ་རེ་བཞིན་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་བཀོད་པའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་བྱེད་པ་དང་གྲུབ་འབྲས་ལེན་ཐུབ་པར་བྱེད་དགོས། མི་དམངས་ཡིད་ཚིམ་པར་བྱེད་ན། ཁྲིམས་ལྟར་བྱ་བ་བསྒྲུབ་པ་དང་དྲང་གཞག་སྲིད་གཙང་བྱེད་དགོས། རང་རྟོགས་སྒོས་བཅའ་ཁྲིམས་བརྩི་སྲུང་་དང་བཅའ་ཁྲིམས་སློབ་སྦྱོང་། བཅའ་ཁྲིམས་བཀོལ་སྤྱོད་བྱེད་པ་དང་། ཁྲིམས་ལྟར་བྱ་བ་བསྒྲུབ་པའི་ནུས་པ་མཐོར་འདེགས་གཏོང་བ། རུལ་སུངས་ལ་ངོ་རྒོལ་བྱེད་པ་དང་འགྱུར་ལྡོག་ལ་བཀག་འགོག་བྱེད་པའི་རགས་བརྟན་པོ་རྒྱག་པ། ཏང་གི་སྒྲིག་སྲོལ་དང་སྒྲིག་ལམ་བརྩི་སྲུང་ནན་མོ་བྱེད་པ། འཚོ་བའི་སྟེང་དཀའ་སྤྱད་བབ་ཆགས་བྱེད་པ་དང་ལས་དོན་སྟེང་དཀའ་སྤྱད་འབད་འཐབ་བྱས་ནས། དྲང་གཞག་སྲིད་གཙང་རྒྱུན་འཁྱོངས་བྱེད་དགོས།
ཁྲིན་ཀང་གིས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་གཞུང་ཞབས་པར་ཉིན་རྒྱུན་དུ་གཟིགས་སྐྱོང་ཐུགས་ཁུར་བྱེད་པ་དང་། དོ་དམ་ནན་མོ་དང་གཟིགས་སྐྱོང་བཟང་བོ་བྱེད་པ་ཟུང་འབྲེལ་བྱེད་པ་དང་། སྐུལ་སློང་དང་ཚོད་འཛིན་བྱེད་པ་རྒྱུན་འཁྱོངས་བྱེད་པ། བྱ་བ་བསྒྲུབ་པའི་བརྩོན་སེམས་ཆེར་སྐྱེད་པ། རྒྱ་ཆེའི་གཞུང་ཞབས་པས་ཏང་དང་མི་དམངས་ལ་ཞབས་འདེགས་སྔར་ལས་བཟང་བོ་ཞུ་བར་སྣེ་ཁྲིད་བྱས་ནས། བྱ་སྤྱོད་དངོས་ཀྱི་སྟེང་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ལག་བསྟར་ནན་མོ་བྱེད་པར་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན།
ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་གཏམ་བཤད་བྱེད་སྐབས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་གཞུང་ཞབས་པས་དར་ཆ་མཐོན་པོར་བསྒྲེང་ནས་ཆབ་སྲིད་གླེང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་ནན་མོ་དང་ལག་བསྟར་ཟབ་མོ་བྱེད་པ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་བྱེད་པ། གཏན་ཕབ་གཉིས་མཐའ་གཅིག་ཏུ་གོང་བཀུར་བྱེད་པ་དང་སྲུང་སྐྱོབ་གཉིས་བཟང་བོར་བསྒྲུབ་ནས། ཆབ་སྲིད་བརྡར་གཅོད་ཀྱི་ནུས་པ་དང་ཆབ་སྲིད་གོ་རྟོགས་ཀྱི་ནུས་པ། ཆབ་སྲིད་ལག་བསྟར་གྱི་ནུས་པ་རྒྱུན་མ་ཆད་པར་མཐོར་འདེགས་གཏོང་དགོས། ཕུལ་བྱུང་ཅན་ལ་དཔེ་ལྟ་བྱས་ནས་སྔོན་ཐོན་བརྩོན་ལེན་བྱེད་པ་དང་། གཟེངས་བསྟོད་ཐོབ་པའི་བློ་མཐུན་ཚོ་མིག་དཔེ་རུ་བྱེད་པ། སྔོན་ཐོན་ཚོར་དཔེ་ལྟ་བྱེད་པ་དང་སློབ་སྦྱོང་བྱས་ནས་རྗེས་སྙེག་པ། བྱ་བ་ནན་མོར་བསྒྲུབ་པ་དང་མདུན་གྲས་སུ་བསྐྱོད་དེ། ཧུར་ཐག་གིས་རང་འགན་ལས་གནས་སྟེང་ཡང་བསྐྱར་གྲུབ་འབྲས་བཟང་བོ་བསྐྲུན་དགོས། མི་དམངས་བླ་ན་མེད་པར་བྱས་ནས་ཞབས་ཞུ་ཇེ་བཟང་དུ་གཏོང་བ་དང་། རང་རྟོགས་སྒོས་མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་དགོངས་པ་ལག་བསྟར་བྱེད་པ། དམིགས་འབེན་གྱི་འདུ་ཤེས་བརྟན་པོ་འཛུགས་པ། མི་དམངས་བསམ་པའི་བརྩེ་སེམས་ཇེ་ཟབ་ཏུ་བཏང་སྟེ། བློ་དཀར་དག་གཙང་དང་ཁག་ཁུར་ལྡན་པའི་སྒོ་ནས་ཏང་དང་མི་དམངས་ཡིད་ཚིམ་པའི་དུས་རབས་ཀྱི་རྒྱུགས་ལན་སྤྲོད་དགོས། ནུས་པ་ཇེ་མཐོར་བཏང་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རང་རྟོགས་སྒོས་ནུས་པ་ཇེ་མཐོར་གཏོང་བ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པའི་ལག་ལེན་ཁྲོད་ཞུགས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་བའི་ཐད་བྱས་རྗེས་སྔར་ལས་ཆེན་པོ་དང་གསར་བ་འཇོག་དགོས།
རིན་ཆེན་མཚོས་བསྒྱུར།