བདེན་འཚོལ་དུས་དེབ་སྟེང་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ་ཀྲུང་དབྱང་ཏང་གི་སློབ་གྲྭ་བཙུགས་ནས་ལོ་དགུ་བཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཉིས་སྟོང་ཉེར་གསུམ་ལོའི་དཔྱིད་དུས་སློབ་མགོ་རྩོམ་པའི་མཛད་སྒོའི་སྟེང་གི་གསུང་བཤད་ཅེས་པ་སྤེལ།
2023.04.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

ཟླ་བཞི་པའི་ཚེས་གཅིག་ཉིན་གྱི་བདེན་འཚོལ་དུས་དེབ་འདོན་ཐེངས་བདུན་པའི་སྟེང་དུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ། ཀྲུང་དབྱང་ཏང་གི་སློབ་གྲྭ་བཙུགས་ནས་ལོ་དགུ་བཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཉིས་སྟོང་ཉེར་གསུམ་ལོའི་དཔྱིད་དུས་སློབ་མགོ་རྩོམ་པའི་མཛད་སྒོའི་སྟེང་གི་གསུང་བཤད་ཅེས་པ་སྤེལ།

རྩོམ་ཡིག་ལས་ནན་གྱིས་བསྟན་དོན། ལོ་རྒྱུས་ལ་ཕྱིར་མིག་བལྟས་ན། ཏང་གི་སློབ་གྲྭས་ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་ལ་འགྱུར་བ་མ་བཏང་བ་ནི་ཏང་ལ་ཤེས་ལྡན་པ་གསོ་སྐྱོང་དང་ཏང་ལ་ཐབས་ཇུས་འདོན་རྒྱུའི་ཆེད་ཡིན། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་དུ། རིམ་པ་སོ་སོའི་ཏང་གི་སློབ་གྲྭས་ཐོག་མའི་བསམ་འདུན་འདི་བརྟན་སྲུང་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱེད་པ། འབད་འབུངས་ཡར་བརྩོན་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས།

རྩོམ་ཡིག་ལས་བསྟན་དོན། ཏང་གི་སློབ་གྲྭས་ཐོག་མའི་བསམ་འདུན་མི་བརྗེད་པར་བྱས་ཏེ། ཐོག་མཐའ་བར་གསུམ་དུ་རང་རྟོགས་སྒོས་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་དགོས། ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་ནི་ཏང་གི་སློབ་གྲྭའི་ངེས་པ་དོན་གྱིས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་དགོས་པའི་ཆབ་སྲིད་ཀྱི་ལངས་གནས་ཤིག་དང་། ཏང་གི་སློབ་གྲྭས་ཐོག་མའི་བསམ་འདུན་ལག་བསྟར་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཡིན། ཏང་གི་སློབ་གྲྭ་ནི་སྤྱིར་བཏང་གི་སློབ་གྲྭ་ཞིག་གཏན་ནས་མ་ཡིན་པར་དེ་ནི་ཏང་གི་སློབ་གྲྭ་ཞིག་དང་ཏང་གི་འགན་ནུས་སྡེ་ཁག་གལ་ཆེན་ཞིག་ཡིན་པར་བརྟེན། ངེས་པར་དུ་ཏང་གི་དར་ཆ་དེ་དར་ཆ་རུ་འཛིན་པ་དང་ཏང་གི་འདོད་བློ་དེ་འདོད་བློ་རུ་འཛིན་པ། ཏང་གི་འགན་འཁྲི་དེ་འགན་འཁྲི་རུ་འཛིན་པ་བཅས་བྱས་ཏེ། རང་རྟོགས་ངང་ཏང་གི་རླབས་ཆེན་གྱི་བྱ་གཞག་གསར་པ་དང་རླབས་ཆེན་གྱི་ཏང་འཛུགས་བཟོ་སྐྲུན་གསར་པའི་ཁྲོད་དུ་ངེས་གནས་གཏན་འཁེལ་བྱས་ནས། རང་རྟོགས་སྒོས་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་རྒྱུན་འཁྱོངས་བྱེད་དགོས།

རྩོམ་ཡིག་ལས་བསྟན་དོན། ཏང་གི་སློབ་གྲྭའི་ཐོག་མའི་བསམའདུན་བརྟན་སྲུང་བྱེད་པར་ངེས་པར་དུ་མི་རིགས་བསྐྱར་དར་གྱི་ལས་འགན་ལྕི་མོ་ཕྲག་སྟེང་དུ་ལེན་ཕོད་པའི་སྲིད་འཛིན་རྐང་འཛིན་དཔུང་སྡེ་གསོ་སྐྱོང་དང་སྐྱེད་སྲིང་བྱེད་པའི་ཐད་ཧུར་བརྩོན་ཆེན་པོས་བྱས་རྗེས་འཇོག་དགོས། ཏང་གི་ཆེད་དུ་ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུ་ནི་ཏང་གི་སློབ་གྲྭའི་དམིགས་བསལ་གྱི་རིན་ཐང་གནས་ས་ཡིན། ཏང་གི་ཆེད་དུ་ཤེས་ལྡན་པ་གསོ་སྐྱོང་བྱེད་པ་ཞེས་པ་ནི་དུས་རབས་གསར་པའི་གནས་ལུགས་སྤེལ་བ་དང་ལས་དོན་གཉེར་བ། དཀའ་ཁག་སེལ་བ་བཅས་ཀྱི་བྱ་བ་ཡག་པོ་སྒྲུབ་རྒྱུ་དེ་ཡིན་ལ། དེ་ཡང་མཐར་གཏུག་ནས་བཤད་ན། མར་ཁེ་སི་རིང་ལུགས་ཀྱི་བདེན་དོན་གྱི་ཐབས་ལམ་བརྒྱུད་སྤེལ་ཡག་པོ་བྱེད་རྒྱུ་དང་། བཅོས་སྒྱུར་དང་འཕེལ་རྒྱས། བརྟན་འཇགས་བཅས་ཀྱི་ལས་དོན་ལ་སྐུལ་འདེད་ཡག་པོ་གཏོང་བ། རང་སྣང་གི་འཇིག་རྟེན་དང་ཕྱི་རོལ་ཡུལ་གྱི་འཇིག་རྟེན་སྒྱུར་བཀོད་ཐད་འཕྲད་པའི་དཀའ་ངལ་ཐག་གཅོད་ཡག་པོ་བཅས་བྱེད་དགོས། གཞུང་ལུགས་ཀྱི་བློ་སྦྱོང་ནི་མགོ་ཁྲིད་ལས་བྱེད་པའི་ཕྱོགས་བསྡུས་བྱང་ཚད་ཀྱི་སྲོག་ཤིང་ཡིན། ཏང་གི་སློབ་གྲྭ་ནི་ཏང་ཡོན་ལས་བྱེད་པས་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་རིགས་པའི་གཞུང་ལུགས་ཀྱི་བྱང་ཚད་མཐོ་རུ་གཏོང་བའི་གནས་ཁྱད་པར་ཅན་ཞིག་ཡིན་པས། མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་སློབ་གསོ་དང་གསོ་སྦྱོང་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་དགོས་པ་དང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བའི་གྲུབ་འབྲས་གསར་ཤོས་ཀྱིས་བསམ་བློ་གཅིག་གྱུར་དང་འདོད་བློ་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་བྱ་རྒྱུ་གཙོ་གནད་དུ་བཟུང་ནས་དམ་འཛིན་གང་ལེགས་བྱེད་དགོས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རྒྱུད་ལ་ལེན་རྒྱུ་རྒྱུན་འཁྱོངས་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དེ་སློབ་གསོ་དང་གསོ་སྦྱོང་གི་ནང་དོན་གཙོ་བོར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ཏང་གི་སློབ་གྲྭ་ནི་མགོ་ཁྲིད་ལས་བྱེད་པའི་ཏང་གཤིས་སྦྱོང་བརྡར་བྱེད་སའི་གནས་གལ་ཆེན་ཞིག་ཡིན་པས། ཏང་གཤིས་སློབ་གསོ་དེ་སློབ་ཁྲིད་ཀྱི་ནང་དོན་གཙོ་བོར་འཛིན་དགོས་པ་དང་། ཏང་གི་སྒྲིག་ཡིག་དང་ཏང་གི་སྒྲིག་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་ལ་སློབ་སྦྱོང་བྱ་རྒྱུ་ནི་ཏང་གཤིས་སློབ་གསོའི་ནང་དོན་གལ་ཆེན་དུ་འཛིན་དགོས་ལ། ཏང་གཤིས་སློབ་གསོའི་དམིགས་འབེན་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་བཏང་སྟེ། ཏང་གཤིས་སློབ་གསོ་དེ་སློབ་མ་སོ་སོའི་སེམས་སུ་འཇགས་པར་བྱེད་དགོས། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ལ་དམ་པོར་དམིགས་པ་དང་རྒྱལ་ཁབ་ཀྱི་འཐབ་ཇུས་ཀྱི་དགོས་མཁོ་གལ་ཆེན་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། དངོས་གཉེར་གོ་ཆོད་ཀྱི་ཆེད་ལས་ཅན་གྱི་ནུས་པ་གསོ་སྦྱོང་ཐད་རྩ་འཛུགས་གང་ལེགས་བྱེད་དགོས།

རྩོམ་ཡིག་ལས་བསྟན་དོན། ཏང་གི་སློབ་གྲྭས་ཐོག་མའི་བསམ་འདུན་བརྟན་སྲུང་བྱེད་པ་ལ། ངེས་པར་དུ་ཏང་གི་བསམ་བློ་དང་རིགས་པའི་གཞུང་ལུགས་འཛུགས་སྐྲུན་པ་ཡག་པོ་ཞིག་བྱེད་དགོས། ཏང་གི་སློབ་གྲྭ་ནི་ཏང་གི་བསམ་བློ་དང་རིགས་པའི་གཞུང་ལུགས་ཀྱི་འཐབ་ཕྱོགས་ཀྱི་ངོས་ནས་བཤད་ན་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པས། ཏང་གི་ཆེད་དུ་ཐབས་ཇུས་འདོན་པའི་འགན་འཁྲི་ལྕི་མོ་འཁུར་ཡོད། གཞུང་ལུགས་ཞིབ་འཇུག་དང་ཐབས་ཇུས་ཞིབ་འཇུག་གི་ཆོས་ཉིད་འཚོལ་ཞིབ་བྱས་ཏེ། ཏང་གི་གསར་གཏོད་གཞུང་ལུགས་ཞིབ་འཇུག་འཆད་འགྲེལ་བྱེད་པ་དང་ཏང་གི་གཞུང་ལུགས་གསར་གཏོད་ལ་སྐུལ་འདེད་གཏོང་བ། ཏང་དང་སྲིད་གཞུང་ལ་བློ་འདོན་ཇུས་འབུལ་སོགས་ཀྱི་ཐད་སྤུས་ཚད་མཐོ་བའི་གྲུབ་འབྲས་ཐོན་པར་བྱེད་དགོས། ཏང་གི་གསར་གཏོད་གཞུང་ལུགས་དྲིལ་བསྒྲགས་དང་འཆད་འགྲེལ་བྱེད་ཆེད་རང་འགན་གཙང་སྒྲུབ་བྱེད་རྒྱུ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་ཞིབ་འཇུག་དང་འཆད་འགྲེལ་བྱེད་པའི་ལས་དོན་ལ་ཤུགས་རྒྱག་པ། གོ་བདེ་ཤེས་སླ་ཡི་སྐད་ཆས་དེའི་ནང་གི་གནས་ལུགས་མི་རྣམས་ཀྱི་བློ་ལ་འབབ་པར་བྱེད་པ་བཅས་བྱས་ནས། གཞུང་ལུགས་མཐར་ཕྱིན་པའི་ངང་བཤད་པ་དང་ཏང་གི་གཞུང་ལུགས་མི་སེམས་སུ་ཟུག་པར་བྱེད་དགོས།

རྩོམ་ཡིག་ལས་བསྟན་དོན། ཏང་གི་སློབ་གྲྭས་ཐོག་མའི་བསམ་འདུན་བརྟན་སྲུང་བྱེད་པ་ལ། ངེས་པར་དུ་ཐོག་མཐའ་བར་གསུམ་དུ་སློབ་གྲྭ་ནན་སྐྱོང་དང་སྤུས་ཚད་ལ་བརྟེན་ནས་སློབ་གྲྭ་གཉེར་རྒྱུ་རྒྱུན་འཁྱོངས་བྱེད་དགོས། སློབ་གྲྭ་ནན་སྐྱོང་བྱ་རྒྱུ་ནི་ཏང་གི་སློབ་གྲྭ་གཉེར་བའི་གཞི་རྩའི་བྱེད་ཕྱོགས་ཡིན་པ་ལ། དེ་ནི་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་བླང་བྱ་དེ་ཏང་གི་སློབ་གྲྭའི་ལས་ཀའི་ཁྲོད་ཀྱི་མངོན་སྟངས་རྣལ་མ་ཡིན། སྤུས་ཚད་ལ་བརྟེན་ནས་སློབ་གྲྭ་འཛུགས་རྒྱུ་ནི་ཏང་གི་སློབ་གྲྭའི་ལས་དོན་གྱི་གཞི་འཛིན་ས་གལ་ཆེན་ཞིག་དང་། ཏང་གི་སློབ་གྲྭའི་སློབ་གཉེར་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བའི་གཞི་འཛིན་ས་གལ་ཆེན་ཞིག་ཡིན། སྤུས་ཚད་ལ་བརྟེན་ནས་སློབ་གྲྭ་འཛུགས་རྒྱུ་དེ་སློབ་གཉེར་ལ་བརྟེན་ནས་སློབ་གྲྭ་སྐྱོང་བའི་ལས་དོན་གལ་ཆེན་ཞིག་ཏུ་བརྩིས་ཏེ། སློབ་གཉེར་གྱི་སྤུས་ཚད་སྤྱི་ཡོངས་ནས་མཐོ་རུ་བཏང་ནས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་ཞབས་འདེགས་སྔར་ལས་གང་ལེགས་པ་ཞུ་དགོས།

རྩོམ་ཡིག་ལས་ནན་གྱིས་བསྟན་དོན། ཏང་གིས་ཏང་གི་སློབ་གྲྭའི་ལས་དོན་ལ་ཕྱོགས་ཡོངས་ནས་མགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་རྒྱུ་ནི། རང་རེའི་ཏང་གིས་ཏང་གི་སློབ་གྲྭ་གཉེར་བའི་རྩ་བའི་ཉམས་མྱོང་ཞིག་ཡིན་ལ། ཏང་གི་སློབ་གྲྭའི་ལས་དོན་བདེ་ཐང་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་རྩ་བའི་འགན་ལེན་ཞིག་ཀྱང་ཡིན། ཏང་གི་སློབ་གྲྭ་ནི་ཏང་གི་ཁྱིམ་གཞིས་འགངས་ཆེན་ཞིག་ཡིན་པས། དེར་ཤུགས་སྣོན་དགོས་པ་ལས་ཉམས་ཞན་དུ་གཏོང་མི་རུང་། ཏང་ཡོངས་ཀྱིས་ཏང་གི་སློབ་གྲྭ་འཛུགས་གཉེར་བྱེད་པར། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་དང་འབྲེལ་ཡོད་འགན་ནུས་སྡེ་ཁག་བཅས་ཀྱིས་བྱ་སྤྱོད་དངོས་ལ་བརྟེན་ནས། ཏང་གི་སློབ་གྲྭའི་ལས་དོན་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་གང་ལེགས་བྱས་ཏེ། མཉམ་དུ་ཏང་གི་སློབ་གྲྭ་ལེགས་པོ་གཉེར་དགོས།

བན་དེ་སྐྱབས་ཀྱིས་བསྒྱུར།