ལིས་ཆང་གིས་སིང་ཀ་ཕོར་གྱི་ཙུང་ལིར་གྲོས་མོལ་གནང་།
2023.04.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

ལིས་ཆང་གིས་དགའ་བསུ་ཞུ་བའི་མཛད་སྒོ་གྲོལ་རྗེས་སིང་ཀ་ཕོར་གྱི་ཙུང་ལི་ལིས་ཞན་ལུང་ལ་གྲོས་མོལ་གནང་།

ལིས་ཆང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ལི་རྣམ་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀའི་ཕྱོགས་ཡོངས་དང་སྤུས་ཚད་མཐོ་བའི་རྒྱང་ལྟའི་རང་བཞིན་གྱི་རོགས་རེས་འབྲེལ་བ་ཡི་ངེས་གནས་གསར་པ་ཁ་གསལ་སྒོས་བཏོན་ཡོད། ཀྲུང་གོས་སིང་ཀ་ཕོར་དང་མཉམ་དུ། སྤུས་ཚད་མཐོ་བ་དེ་ཀྲུང་གོ་དང་སིང་ཀ་ཕོར་གྱི་མཉམ་ལས་ཀྱི་ཚད་ཤིང་མངོན་གསལ་ཅན་ཞིག་ཏུ་བརྩིས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་དངོས་གཉེར་མཉམ་ལས་ཀྱི་ཆུ་ཚད་སླར་ཡང་ཆུ་ཚད་མཐོ་ཤོས་སུ་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།

ལིས་ཆང་གིས་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དེ་མཐའ་འཁོར་ཕྱི་འབྲེལ་གྱི་དམིགས་བསལ་ཁ་ཕྱོགས་སུ་བརྩི་བཞིན་ཡོད། ཀྲུང་གོས་སིང་ཀ་ཕོར་ཚུད་པའི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་དང་མཉམ་དུ། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཉོ་ཚོང་ཁུལ་གྱི་པར་གཞི་གསུམ་པའི་འཛུགས་སྐྲུན་ལ་སྐུལ་འདེད་གང་ལེགས་བཏང་ནས། སྔར་ལས་དམ་ཟབ་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་སིང་ཀ་ཕོར་ཕྱོགས་དང་མཉམ་དུ་འཛམ་གླིང་ཉོ་ཚོང་རྩ་འཛུགས་གཙོ་བོ་ཡིན་པའི་ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་ལ་སྲུང་སྐྱོབ་བྱེད་འདོད་ཡོད་ཅེས་གསུངས།

ལིས་ཞན་ལུང་གིས་སིང་ཀ་ཕོར་དང་ཀྲུང་གོའི་བར་དུ་མཛའ་མཐུན་མཉམ་ལས་རྒྱ་ཆེ་ལ་གཏིང་ཟབ་པ་ཞིག་ཡོད། སིང་ཀ་ཕོར་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ། ཕྱོགས་གཉིས་དང་ས་ཁོངས་མཉམ་ལས་ཀྱི་དཔེ་མཚོན་བསྐྲུན་ནས། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་སོ་སོས་རིམས་ནད་རྗེས་ཀྱི། ཀྲུང་གོའི་དཔལ་འབྱོར་སླར་གསོ་དང་སྒོ་མོ་འབྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བའི་གོ་སྐབས་འདི་དམ་འཛིན་བྱས་ནས། ཀྲུང་གོའི་བར་གྱི་མཉམ་ལས་རེ་ལྟོས་བྱེད་ཀྱིན་ཡོད།  སིང་ཀ་ཕོར་ཕྱོགས་ཀྱིས་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་སྒྲིག་སྲོལ་ལ་སྲུང་སྐྱོབ་བྱས་ནས། དྲང་གཞག་དང་སྒོ་འབྱེད། དཀྱེལ་ཡངས་བཅས་ཀྱི་རྒྱལ་སྤྱིའི་ཉོ་ཚོང་མ་ལག་ལ་སྲུང་སྐྱོབ་བྱེད་འདོད་ཡོད་ཅེས་བསྟན།

གྲོས་མོལ་གནང་ཚར་རྗེས། རྒྱལ་ཁབ་གཉིས་ཀའི་ཙུང་ལི་ཡིས་དཔལ་འབྱོར་ཉོ་ཚོང་དང་ཚན་རྩལ། ཟས་རིགས། བཅའ་ཁྲིམས། ཁོར་ཡུག་སྲུང་སྐྱོབ། སྒྱུ་རྩལ་སོགས་ཕྱོགས་གཉིས་ཀའི་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་བཀོད་པར་མཉམ་དུ་བདེན་དཔང་གནང་།

བན་དེ་སྐྱབས་ཀྱིས་བསྒྱུར།