མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྨ་ཆུ་སྲུང་སྐྱོབ་བཅའ་ཁྲིམས་དྲིལ་སྒྲོག་བྱེད་པའི་བྱ་འགུལ་སྤེལ།
2023.04.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 39

ཟླ་བཞི་པའི་ཚེས་གཅིག་ཉིན། རྨ་ཆུའི་བཞུར་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་པ་དང་། ཆུའི་ཐོན་ཁུངས་གྲོན་ཆུང་དང་ལེགས་བསྡུས་སྒོས་བཀོལ་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ། རྨ་ཆུའི་རིག་གནས་སྲུང་སྐྱོབ་དང་དར་སྤེལ། རྒྱུན་འཛིན་བཅས་བྱེད་ཆེད། མཚོ་སྔོན་ཞིང་ཆེན་རྨ་ཆུའི་བཞུར་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མགོ་ཁྲིད་ཚན་ཁག་གཞུང་སྒྲུབ་ཁང་དང་ཁྲི་ཀ་རྫོང་ཏང་ཨུ་དང་ཁྲི་ཀ་རྫོང་མི་དམངས་སྲིད་གཞུང་གིས་གཙོ་བསྒྲུབས་བྱས་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྨ་ཆུ་སྲུང་སྐྱོབ་བཅའ་ཁྲིམས་དྲིལ་སྒྲོག་བྱེད་པའི་བྱ་འགུལ་དེ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁྲི་ཀ་རྫོང་དུ་སྤེལ་བ་དང་། དེའི་དམིགས་ཡུལ་ནི་རྨ་ཆུའི་སྲུང་སྐྱོབ་བཅའ་ཁྲིམས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། རྨ་ཆུའི་བཞུར་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་སྤེལ་བྱེད་པ་དང་། རྨ་ཆུའི་བཅོས་སྐྱོང་ཐད་ནས་གྲུབ་འབྲས་སྔར་ལས་ཆེན་པོ་ཐོབ་པར་སྐུལ་སྤེལ་བྱེད་རྒྱུ་དེ་རེད།

ཞིང་ཆེན་རྨ་ཆུའི་བཞུར་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་འབྲེལ་ཡོད་འགན་འཁུར་བས་བཤད་དོན། གོ་རིམ་རྗེས་མར་རྨ་ཆུ་བཅོས་སྐྱོང་སྲུང་སྐྱོབ་ཀྱི་འགལ་བ་གཙོ་བོ་དམ་འཛིན་བྱས་ཏེ། སྲུང་སྐྱོབ་གཙོར་འཛིན་པ་དང་བཅོས་སྐྱོང་གནད་སར་འཛིན་པའི་རེ་བ་ཕྱོགས་ཡོངས་ནས་དངོས་འབེབས་བྱེད་པ་དང་། མགོ་ཁུངས་ཀྱི་འགན་འཁྲི་དང་ལེན་བྱེད་པ་དང་ཡན་ལག་བཞུར་རྒྱུན་ཁག་ཁུར་བྱེད་པར་ཤུགས་སྣོན་པ། རྨ་ཆུའི་སྲུང་སྐྱོབ་བཅའ་ཁྲིམས་ཕྱོགས་ཡོངས་ནས་ལག་བསྟར་དང་དངོས་འབེབས་བྱེད་པ། ཁྲིམས་སྐྱོང་སྟོབས་ཤུགས་ལ་བརྟེན་ནས་མ་ཡུམ་གཙང་བོ་སྲུང་སྐྱོབ་བཟང་བོ་བྱེད་པར་མ་ཟད། དཀའ་སྤྱད་འབད་འཐབ་སྒོས་རྨ་ཆུའི་བཞུར་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་མཚོ་སྔོན་ནས་ལག་ལེན་བྱེད་པར་སྐུལ་འདེད་གཏོང་བ་ཡིན་ཟེར།

                                                                                                 བཀྲ་ཤིས་འབུམ་གྱིས་བསྒྱུར།