ཁྲིན་ཀང་ཟི་ལིང་གྲོང་ཁྱེར་གྱི་ལས་བྱེད་པའི་ཚོགས་ཆེན་ལ་ཞུགས།
2023.04.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 19

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་ཟླ་བཞི་བའི་ཚེས་གཅིག་ཉིན་ཟི་ལིང་གྲོང་ཁྱེར་གྱི་ལས་བྱེད་པའི་ཚོགས་ཆེན་ལ་ཞུགས་ཏེ་གཏམ་བཤད་སྤེལ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཀྲའོ་ཡེའོ་ཞཱ་ཡིས་ཞིང་ཆེན་ཏང་ཨུའི་ཟི་ལིང་གྲོང་ཁྱེར་ཏང་ཨུའི་མགོ་ཁྲིད་གཙོ་བོའི་བསྐོ་འཐེན་ཆོད་དོན་ཁྱབ་བསྒྲགས་བྱས་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཟི་ལིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཝང་ཝེ་ཏུང་གིས་གཏམ་བཤད་སྤེལ།

ཞིང་ཆེན་ཏང་ཨུའི་ཆོད་དོན་ལྟར་ན། བློ་མཐུན་ཝང་ཝེ་ཏུང་གིས་ཟི་ལིང་གྲོང་ཁྱེར་གྱི་ཏང་ཨུའི་ཨུ་ཡོན་དང་རྒྱུན་ལས་ཨུ་ཡོན། ཧྲུའུ་ཅི་བཅས་ཀྱི་འགན་ཁུར་རྒྱུ་ཡིན་པ་དང་། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པའི་ལས་འགན་ལེན་རྒྱུ་ཡིན་པ་དང་། བློ་མཐུན་ཁྲིན་རོས་ཧྥུན་གྱི་ཟི་ལིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་དང་རྒྱུན་ལས་ཨུ་ཡོན། ཨུ་ཡོན་བཅས་ཀྱི་ལས་འགན་ལེན་རྒྱུ་རེད།

ཁྲིན་ཀང་གིས་བསྟན་དོན། ཐེངས་འདིར་ཟི་ལིང་གྲོང་ཁྱེར་ཏང་ཨུའི་མགོ་ཁྲིད་པ་གཙོ་བོ་ལེགས་སྒྲིག་བྱས་པ་ནི་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུས་ཞིང་ཆེན་ཡོངས་ཀྱི་བྱ་བའི་ཆེ་ཕྱོགས་ལ་དམིགས་ཏེ། བསམ་བློ་ཡག་པོ་བཏང་བ་དང་ཞིབ་འཇུག་ནན་མོ་བྱས་རྗེས་ཐག་གཅོད་བྱས་པ་ཡིན་ལ། དེ་ལས་ཟི་ལིང་གྲོང་ཁྱེར་གྱི་བྱ་བར་མཐོང་ཆེན་བྱེད་པ་མཚོན་ཡོད། བློ་མཐུན་ཁྲིན་རོས་ཧྥུན་གྱི་ཆབ་སྲིད་ལངས་ཕྱོགས་བརྟན་པ་དང་མགོ་ཁྲིད་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད། བྱ་བའི་བསམ་ཕྱོགས་གསལ་བོ་ཡིན་ལ། རང་ཉིད་ལ་རེ་བ་ནན་མོ་བཏོན་ཡོད། ཟི་ལིང་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅིའི་འགན་ཁུར་བའི་ཚུན་ལ། གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མར་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་དཀའ་སྤྱད་འབད་བརྩོན་དང་དོན་དངོས་དམ་འཛིན་བྱས་ཏེ། དེང་རབས་ཅན་གྱི་མཛེས་སྡུག་བདེ་སྐྱིད་ལྡན་པའི་མཚོ་སྔོན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ནས་གྲུབ་འབྲས་གསར་བ་ལོན་ཡོད་པ་དང་། ཟི་ལིང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་སེམས་ཤུགས་མང་བོ་བཏོན་ནས་བྱས་རྗེས་ཆེན་པོ་བཞག་ཡོད་པར་མ་ཟད། ཞིང་ཆེན་ཡོངས་ཀྱི་མི་དམངས་དང་ཁྱད་པར་དུ་ཟི་ལིང་གྲོང་ཁྱེར་གྱི་ལས་བྱེད་པ་དང་མང་ཚོགས་བར་མཛའ་བརྩེ་ཟབ་མོ་ཆགས་ཡོད། བློ་མཐུན་ཝང་ཝེ་ཏུང་གི་ཆབ་སྲིད་བྱང་ཚད་མཐོ་ཞིང་ལོ་ན་གཞོན་ལ་སྟོབས་ཤུགས་ཆེ། དངོས་གཉེར་གྱི་བྱ་སྤྱོད་ལྡན་པ་དང་དཔལ་འབྱོར་བྱ་བར་རྒྱུས་མངའ་ཆེ། བཅོས་བསྒྱུར་གསར་གཏོད་ཀྱི་འདུ་ཤེས་དྲག་པ་་དང་དངོས་འབེབས་ལ་སྐུལ་འདེད་གཏོང་བའི་ཤུགས་ཚད་ཆེ། ཞིང་ཆེན་སྲིད་གཞུང་དུ་བྱ་བ་བྱེད་སྐབས། ནུས་ཤུགས་ཡོད་དགུས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པ་གནད་དུ་བཟུང་སྟེ། དཔལ་འབྱོར་འཁོར་རྒྱུག་ལ་གཅིག་འདོམས་བྱས་ནས་ལས་གཞི་དམ་འཛིན་དང་དངུལ་གཏོང་ཡར་སྐུལ། ཚོང་གཉེར་ཚོར་འཛིན། ཁོར་ཡུག་གསར་བསྐྲུན། བདེ་འཇགས་འགན་སྲུང་བཅས་བྱས་ཏེ། ལས་བགོས་བྱ་བ་སྣ་ཚོགས་ལ་འབུར་དུ་ཐོན་པའི་གྲུབ་འབྲས་མངོན་གསལ་བླངས་ཡོད། བློ་མཐུན་ཝང་ཝེ་ཏུང་གཙོ་བྱས་པའི་གྲོང་ཁྱེར་ཏང་ཨུའི་མགོ་ཁྲིད་འོག གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་བློ་སེམས་གཅིག་མཐུན་ཐུབ་ཅིང་། བསམ་བློ་དང་བྱ་སྤྱོད་དེ་ཏང་གི་ཚོགས་ཆེན་ཏང་ཉི་ཤུ་པའི་དགོངས་དོན་སྟེང་གཅིག་གྱུར་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱའི་སྟེང་གཅིག་གྱུར་བྱས་ཏེ། རྒྱུན་ཆད་མེད་པར་ཟི་ལིང་གི་བྱ་བའི་རྣམ་པ་གསར་བ་གསར་གཏོད་བྱེད་ཐུབ་པར་ཡིད་ཆེས་ཡོད།

ཁྲིན་ཀང་གིས་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུ་ཡིས་ཟི་ལིང་གི་འཕེལ་རྒྱས་ཐད་རེ་བ་ཆེན་པོ་བཅངས་ཡོད། ཆབ་སྲིད་འཛུགས་སྐྲུན་འབུར་དུ་ཐོན་པ་དང་མགོ་ཁྲིད་ཚན་ཁག་གི་སྤྱིའི་བྱེད་ནུས་ཇེ་དྲག་ཏུ་གཏོང་བ། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། སྲུང་སྐྱོབ་གཉིས་ཀྱི་བྱ་བ་བཟང་བོར་བསྒྲུབས་ཏེ། རང་རྟོགས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་བར་ཚད་མཐོའི་གཅིག་གྱུར་བྱེད་དགོས་ཤིང་། བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རེ་བ་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་དངོས་འབེབས་བྱས་ནས། ནན་ནན་ཏིག་ཏིག་གིས་ཞིང་ཆེན་ཏང་ཨུའི་བྱ་བའི་བཀོད་སྒྲིག་ལ་སྐུལ་འདེད་གཏོང་དགོས།

བསྟུད་མར་བྱ་སྤྱོད་ལེགས་བཅོས་བྱས་ཏེ་མཐུན་སྒྲིལ་འབད་འཐབ་ཀྱི་སྣང་ཚུལ་བཟང་བོ་བསྐྲུན་པ་དང་། དམངས་ལ་བརྩེ་བ་ཟབ་མོ་བཅངས་ནས་མི་དམངས་སྙིང་བོར་བྱས་པའི་འཕེལ་རྒྱས་བསམ་ཕྱོགས་སྲ་བརྟན་དུ་ཆགས་པ་དང་། དངོས་གཉེར་བདེན་འཚོལ་རྒྱུན་འཁྱོངས་བྱས་ནས། ཡང་དག་པའི་སྲིད་དོན་གྲུབ་འབྲས་ལྟ་བ་ཆགས་པ་དང་། མཐུན་སྒྲིལ་རོགས་ལས་ལ་ཤུགས་སྣོན་བྱས་ཏེ། ནན་ཏན་གྱིས་དམངས་གཙོ་གཅིག་བསྡུས་ལམ་ལུགས་ལག་བསྟར་བྱེད་དགོས། གྱོད་དོན་གྱིས་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ་དང་རུལ་སུངས་སྔོན་འགོག་བྱེད་པའི་བསམ་བློའི་འཛིང་རགས་ཇེ་བརྟན་དུ་གཏོང་བ་དང་། ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དེ་ཆེས་ཆེ་བའི་ཆབ་སྲིད་གྲུབ་འབྲས་སུ་བརྩི་བ་དང་། ནན་ཏན་གྱིས་ཕྱོགས་ཡོངས་ནས་ཏང་སྐྱོང་ནན་མོ་བྱེད་པའི་འགན་འཁྲི་གཙོ་བོ་དངོས་འབེབས་བྱེད་པ། ནན་ཏན་གྱིས་ལས་གནས་གཅིག་ལ་འགན་འཁྲི་གཉིས་ལག་བསྟར་བྱེད་པ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་གུས་སེམས་ལྡན་པ་དང་འཛེམ་བག་ཡོད་པ། མཐའ་གནས་སྲུང་བ་བཅས་ཀྱི་སློབ་གསོ་བཏང་སྟེ། རང་རྟོགས་ཀྱིས་ཆབ་སྲིད་སྐྱེ་ཁམས་བཟང་བའི་སྣེ་ཁྲིད་མཁན་དང་གསར་གཏོད་མཁན། སྲུང་སྐྱོབ་མཁན་བཅས་བྱེད་དགོས།

ཝང་ཝེ་ཏུང་གིས་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཆོད་དོན་མཐའ་གཅིག་ཏུ་གོང་བཀུར་དང་དང་ལེན་བྱེད་པ་དང་། སྣེ་ཁྲིད་དེ་ལངས་ཕྱོགས་གསལ་བོས་ཆབ་སྲིད་སྐྱོང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་བྱས་ཤིང་། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་སྲུང་སྐྱོབ་གཉིས་ཀྱི་བྱ་བ་བཟང་བོར་བསྒྲུབས་ཏེ། ཆབ་སྲིད་གཏན་ཤུགས་དང་འགྱུར་མེད་ཀྱི་དོན་དངོས་འགུལ་སྐྱོད་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་རེ་བ་དེ་ཟི་ལིང་ནས་ནན་ཏན་གྱིས་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན། སྣེ་ཁྲིད་དེ་ཁག་ཁུར་ཡོད་པའི་སྒོ་ནས་དངོས་འབེབས་དམ་འཛིན་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་སའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་དང་མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་བ། བྱ་སྤྱོད་བསྒྱུར་བ་བཅས་ཐད་ནས་ཁག་ཁུར་ཡོད་པ་དང་དཀའ་ཁག་དང་ཉེན་ཁ་ཁྱད་བསལ་ནས། ཟི་ལིང་ས་ཁུལ་གྱི་བྱ་བའི་གྲུབ་འབྲས་ཀྱིས་མཚོ་སྔོན་ཡོངས་ཀྱི་ཆེ་ཕྱོགས་ལ་གཟི་མདངས་ཁ་སྣོན་བྱེད་དགོས། སྣེ་ཁྲིད་དེ་ཏང་འཛུགས་བྱ་བ་ཕྱོགས་ཡོངས་ནས་དམ་འཛིན་བྱེད་པ་དང་། དགོས་ངེས་གསུམ་དམ་འཛིན་དང་ཏང་འཛུགས་ནི་ཆེས་ཆེ་བའི་ཆབ་སྲིད་གྲུབ་འབྲས་ཡིན་པའི་འདུ་ཤེས་བརྟན་པོ་ཆགས་པར་བྱས་ནས། ཕྱོགས་ཡོངས་ནས་ཏང་སྐྱོང་ནན་མོ་བྱེད་པའི་འགན་འཁྲི་གཙོ་བོ་ཁུར་དུ་བླངས་ཏེ་ཏང་དམ་ཏང་སྐྱོང་གི་འགན་འཁུར་བ་དང་པོའི་འགན་འཁྲི་ལག་བསྟར་ནན་མོ་བྱས་ནས། མགོ་ཁྲིད་ཚན་ཁག་དམ་འཛིན་དང་དཔུང་སྡེ་ལ་སྣེ་ཁྲིད་བཟང་བོ་བྱས་ཏེ། སྤྱོད་གཙང་སྲོལ་བཟང་དང་ལས་གཉེར་ལས་སྐྲུན་གྱི་ཆབ་སྲིད་སྐྱེ་ཁམས་བཟང་བོ་གསར་བསྐྲུན་བྱེད་དགོས། སྣེ་ཁྲིད་དེ་རང་གཅུན་ནན་མོས་ཚད་མཐའ་སྲུང་བ་དང་། ཆབ་སྲིད་སྐྱོང་བ་དང་ཆེ་ཕྱོགས་བསམ་པ་རྒྱུན་འཁྱོངས་སྒོས། རང་རྟོགས་ཀྱིས་ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན་བྱས་ནས་བླ་ན་མེད་པའི་ཀུན་སྤྱོད་ལྡན་པར་བྱེད་དགོས་ལ། སྒྲིག་ལམ་སྲུང་བ་དང་སྲུང་བྱ་བརྩི་བ། དབང་ཆ་བེད་སྤྱོད་ནན་མོ་བཅས་བྱེད་པ་དང་། འབད་བརྩོན་ལྷོ་མེད་ཀྱིས་ཟི་ལིང་གི་བྱ་བ་བཟང་བོར་བསྒྲུབས་ཏེ། ཧུར་ཐག་སྒོས་ཞིང་ཆེན་ཏང་ཨུ་དང་ཟི་ལིང་མི་དམངས་ལ་ཚད་མཐུན་གྱི་རྒྱུགས་གཞི་ཞིག་སྤྲོད་རྒྱུ་ཡིན་པའི་ཆོད་སེམས་བསྟན།



བསོད་ནམས་ཚེ་རིང་གིས་བསྒྱུར།