ཞིང་ཆེན་དམངས་ཆེན་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གིས་ཁ་གཏད་སྡེ་ཁག་དང་ལས་ཁུངས་ཀྱི་བྱ་བའི་མཉམ་འབྲེལ་གྲོས་ཚོགས་བསྡུས།
2023.04.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

ཟླ་གསུམ་པའི་ཚེས་སུམ་ཅུ་ཉིན། ཞིང་ཆེན་དམངས་ཆེན་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གིས་ཁ་གཏད་སྡེ་ཁག་དང་ལས་ཁུངས་ཀྱི་བྱ་བའི་མཉམ་འབྲེལ་གྲོས་ཚོགས་བསྡུས་ཏེ། བྱ་བར་སྤྱི་སྡོམ་དང་བརྗེ་རེས་བྱས་ལ། ཉིས་སྟོང་ཉེར་གསུམ་ལོའི་བྱ་བའི་ལས་འགན་ལ་བཀོད་སྒྲིག་བྱས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིའུ་ཐུང་ཏི་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

ལིའུ་ཐུང་ཏི་ཡིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དོན་འཁྱོལ་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པས་གཏན་ཁེལ་བྱས་པའི་དམིགས་འབེན་ལས་འགན་ལ་དམིགས་ནས་ཆབ་སྲིད་ལངས་གནས་མཐོར་འདེགས་སུ་གཏོང་བ་དང་། སློབ་གསོ་ཚན་རིག་དང་རིག་གནས་འཕྲོད་བསྟེན་བྱ་བའི་ཆབ་སྲིད་འགན་འཁྲིའི་བསམ་པ་དང་ལས་འགན་བསམ་པ་སྔར་ལས་ཇེ་དྲག་ཏུ་བཏང་སྟེ། ཆོད་སེམས་བརྟན་པོ་བཅངས་ནས་རང་རེའི་ཞིང་ཆེན་གྱི་སློབ་གསོ་ཚན་རིག་དང་རིག་གནས་འཕྲོད་བསྟེན་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

ལིའུ་ཐུང་ཏི་ཡིས་ནན་གྱིས་བསྟན་དོན། སློབ་གསོ་ཚན་རིག་དང་རིག་གནས་འཕྲོད་བསྟེན་གྱི་ལས་དོན་དེ་རྒྱལ་ཇུས་དམངས་ཚིས་དང་འབྲེལ་ཡོད་ལ། དོན་སྙིང་དང་འགན་འཁྲི་ཧ་ཅང་ལྕི། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་འཛུབ་སྟོན་དུ་བྱེད་པ་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དོན་འཁྱོལ་བྱེད་པ། མི་དམངས་དཀྱིལ་སྙིང་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་དེ་ཁྲིམས་འཛུགས་དང་ལྟ་སྐུལ། འཐུས་མིའི་བྱ་བར་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་དང་དཀའ་གནད་ཐག་གཅོད་པའི་བྱེ་བྲག་གི་བྱེད་ཐབས་སུ་བསྒྱུར་དགོས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དོན་འཁྱོལ་གཏོང་ཟབ་བྱེད་པ་དང་། དམངས་ཚིས་བདེ་སྐྱིད་དང་མང་ཚོགས་ཀྱི་རེ་ལྟོས་དང་དམ་པོར་སྦྲེལ་ནས་སློབ་གསོ་ཚན་རིག་དང་རིག་གནས་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་བྱ་བར་ཤུགས་སྣོན་དགོས་ལ། ཁྲིམས་བཟང་པོས་འཕེལ་རྒྱས་ལ་སྐུལ་འདེད་དང་བཅོས་སྐྱོང་ལ་འགན་སྲུང་བྱེད་དགོས།

དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་གྱི་དམིགས་འབེན་ལ་དམིགས་ནས་ཡང་དག་པའི་ལྟ་སྐུལ་དང་ཕན་འབྲས་ལྡན་པའི་ལྟ་སྐུལ། ཁྲིམས་ལྟར་ལྟ་སྐུལ་བྱེད་པ་རྒྱུན་འཁྱོངས་བྱས་ནས་སློབ་གསོ་ཚན་རིག་དང་རིག་གནས་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་གནད་དོན་འབུར་ཐོན་ཐག་གཅོད་པར་སྐུལ་འདེད་གཏོང་དགོས། འཐུས་མིའི་གཙོ་གཞིའི་ནུས་པ་འདོན་སྤེལ་བྱས་ཏེ་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཆུ་ཚད་མུ་མཐུད་དུ་མཐོར་འདེགས་སུ་གཏོང་དགོས། བསམ་ཇུས་གཅིག་གི་བསམ་བློ་སྲ་བརྟན་དུ་བཏང་ནས་དུས་རབས་གསར་བའི་སློབ་གསོ་ཚན་རིག་དང་རིག་གནས་འཕྲོད་བསྟེན་བྱ་བའི་མཉམ་ཤུགས་གྲུབ་པར་བྱེད་དགོས།

མི་ཕམ་མགོན་པོས་བསྒྱུར།