ཞི་ཅིན་ཕིང་གིས་ཨ་རབ་ཀྱི་སྒྱུ་རྩལ་པ་གྲགས་ཅན་གྱི་འཐུས་མིར་ཡིག་ལན་བསྐུར།
2023.04.04 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 16

ཉེ་ལམ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས “སྒྱུ་རྩལ་ཀུན་འདུས་ཀྱི་དར་གོས་ཚོང་ལམ”ཁྲོད་ཞུགས་ཏེ་ཀྲུང་གོར་འཚམས་འདྲིར་ཡོང་མྱོང་བའི་ཨ་རབ་ཀྱི་སྒྱུ་རྩལ་པ་གྲགས་ཅན་གྱི་འཐུས་མིར་ཡིག་ལན་བསྐུར་ནས། སྒྱུ་རྩལ་པ་རྣམས་ཀྱིས་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་མཚོན་ཐུབ་པའི་ཕུལ་བྱུང་སྒྱུ་རྩལ་བརྩམས་ཆོས་སྔར་ལས་གང་མང་གསར་རྩོམ་བྱས་ནས། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཛའ་མཐུན་འབྲེལ་བ་སྔར་ལས་ཇེ་ཟབ་ཏུ་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་པའི་ཐད་ནས་སྐུལ་ལྕག་གནང་།

ཞི་ཅིན་ཕིང་གིས་རིག་གནས་ཀྱིས་སེམས་ཁམས་སྦྲེལ་ཐུབ་ཅིང་སྒྱུ་རྩལ་གྱིས་འཛམ་གླིང་ལ་འབྲེལ་ཟམ་བསྐྲུན་ཐུབ། གནའ་བོའི་དར་གོས་ཚོང་ལམ་བསྐྲུན་པ་ནས“རྒྱུད་གཅིག་ལམ་གཅིག”མཉམ་དུ་སྐྲུན་པའི་བར་དུ། རྒྱལ་ཁབ་གཉིས་ཀྱི་དཔལ་ཡོན་བརྗེ་རེས་ཀྱིས་དུས་ཡུན་ལོ་ངོ་སྟོང་ལྷག་བརྒལ་ནས། ཕན་ཚུན་གྱི་རིག་གནས་མྱོང་རོལ་བྱེད་ཐུབ་ཡོད་པ་ལས་གཞན། ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་ལོ་རྒྱུས་ཀྱི་གཏམ་སྙན་བཞག་ཡོད། ན་ནིང་ལོ་མཇུག་ཏུ་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་རྩེ་ཚོགས་སྐབས་དང་པོའི་སྟེང་དུ། དུས་རབས་གསར་པར་ཁ་ཕྱོགས་པའི་ཀྲུང་གོ་དང་ཨ་རབ་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་ནུས་ཤུགས་ཡོད་རྒུས་བསྐྲུན་རྒྱུ་གཏན་འཁེལ་བྱས། ཀྲུང་གོ་དང་ཨ་རབ་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་དེ་ལོ་རྒྱུས་ཀྱི་མགོ་རྩོམ་ས་གསར་པའི་སྟེང་གནས་ཡོད། ངས་ཨ་རབ་ཀྱི་སྒྱུ་རྩལ་མཁས་ཅན་སྔར་ལས་གང་མང་ཀྲུང་གོར་ཡོང་ནས། རྒྱལ་ཁབ་གཉིས་ཀྱི་རིག་གནས་བརྗེ་རེས་ལ་སྐུལ་འདེད་གཏོང་ཐུབ་པའི་སྒྱུ་རྩལ་བརྩམས་ཆོས་སྔར་ལས་གང་མང་གསར་རྩོམ་བྱས་ཏེ། ཀྲུང་གོའི་ཉམས་མྱོང་དང་མྱོང་ཚོར་མཉམ་སྤྱོད་བྱས་ནས། ཨ་རབ་ཀྱི་གྲོགས་པོ་སྔར་ལས་མང་པོས་ཀྲུང་གོར་རྒྱུས་ལོན་ཐུབ་པར་བྱས་ཏེ། ཀྲུང་གོ་མི་དམངས་དང་མཉམ་དུ་དུས་རབས་གསར་པའི་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་གཉིས་ཀྱི་དཔལ་ཡོན་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་ལེའུ་གསར་པ་ཞིག་རྩོམ་རྒྱུར་རེ་ལྟོས་བྱེད་ཀྱིན་ཡོད་ཅེས་གསུངས།

ཉེ་ལམ། “སྒྱུ་རྩལ་ཀུན་འདུས་ཀྱི་དར་གོས་ཚོང་ལམ”ཁྲོད་ཞུགས་ཏེ་ཀྲུང་གོར་འཚམས་འདྲིར་ཡོང་མྱོང་བའི་ཨ་རབ་ཀྱི་སྒྱུ་རྩལ་པ་གྲགས་ཅན་ལྔ་བཅུ་ལྷག་གིས་མིང་མཉམ་འགོད་ཀྱི་རྣམ་པས་ཀྲུའུ་ཞི་ཞི་ཅིན་ཕི་ལ་འཕྲིན་ཡིག་སྤྲིངས་ནས། ལོ་བཅུ་ལྷག་གི་རིང་ལ། ཀྲུང་གོར་འཚམས་འདྲི་བྱས་པ་ལས་ཐོབ་པའི་གྲུབ་འབྲས་དང་མྱོང་ཚོར་མཉམ་སྤྱོད་བྱས་པ་དང་། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་དམངས་སེམས་གཅིག་མཐུན་ཡོང་ཆེད་ལེགས་སྐྱེས་འབུལ་རྒྱུའི་འདོད་བློ་བསྟན།

མིག་སྔའི་བར་དུ། ཨ་རབ་རྒྱལ་ཁབ་ཉེར་གཉིས་ནས་ཡོང་བའི་སྒྱུ་རྩལ་པ་གྲགས་ཅན་བརྒྱ་ལྷག“སྒྱུ་རྩལ་ཀུན་འདུས་ཀྱི་དར་གོས་ཚོང་ལམ”ལས་སྒོའི་ཁྲོད་ཞུགས་ཏེ་ཀྲུང་གོར་འཚམས་འདྲི་བྱས་ནས།  རི་མོ་དང་འཇིམ་བརྐོས། རྫ་ཆས་བཅས་སྒྱུ་རྩལ་བརྩམས་ཆོས་བཞི་བརྒྱ་དང་གྱ་བདུན་གསར་རྩོམ་བྱས།

                                                                                                              བན་དེ་སྐྱབས་ཀྱིས་བསྒྱུར།