ཁྲིན་ཀང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྤྱི་བདེ་ཐིན་གྱི་བྱ་བར་རྟོག་ཞིབ་བྱས།
2023.04.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

ཟླ་བཞི་པའི་ཚེས་གསུམ་ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྤྱི་བདེ་ཐིན་དུ་སོང་ནས་རྟོག་ཞིབ་བྱས་པར་མ་ཟད། བཞུགས་མོལ་ཚོགས་འདུ་བསྡུས། ཁོས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་བ་སྣེ་ཁྲིད་དུ་བྱེད་པ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། གནད་དོན་གྱི་ཁྲིད་ཕྱོགས་དང་དམིགས་འབེན་གྱི་ཁྲིད་ཕྱོགས། མཇུག་འབྲས་ཀྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། གཅིག་ཅན་བཅུ་ལ་དམིགས་ནས་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས།

ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་དུ། ཁྲིན་ཀང་ཞིང་ཆེན་ལྕགས་ལམ་ལམ་སྲུང་མཉམ་འགོག་འགན་སྲུང་ལྟེ་གནས་བརྙན་རིས་བཀོད་གཏོང་ཁང་དང་ཕྱོགས་བསྡུས་ལྟ་སྐུལ་ཁྲུའུ། ངན་སེལ་ནག་འཇོམས་བྱ་བའི་མཛུབ་སྟོན་ཁང་བཅས་སུ་སོང་ནས། ལྕགས་ལམ་ལམ་སྲུང་མཉམ་འགོག་དང་བདེ་འཇགས་མཚོ་སྔོན་གྱི་སྐར་སྟོང་ལམ་ལུགས་དཔྱད་ཞིབ་མ་ལག་འཛུགས་སྐྲུན། རྒྱུན་རྣམ་ཅན་གྱི་ནག་སེལ་ངན་འཇོམས་སོགས་བྱ་བ་སྤེལ་བའི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་ནས་ནན་གྱིས་བསྟན་དོན། མཚོ་བོད་ལྕགས་ལམ་སྲུང་སྐྱོབ་བྱེད་པའི་ཆབ་སྲིད་ལས་འགན་ལག་བསྟར་བཟང་བོ་བྱེད་པ་དང་། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་གྱི་དཔྱད་ཞིབ་བྱེད་ཐབས་ལག་བསྟར་དམ་འཛིན་བྱས་ནས། ནག་སེལ་ངན་འཇོམས་ཀྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་དགོས། ཞིང་ཆེན་སྤྱི་བདེ་ཐིན་དུ། ཁྲིན་ཀང་གྲོས་མོལ་ཞིབ་གཅོད་ཁང་དང་བཀོད་འདོམས་ལྟེ་གནས་སུ་སོང་ནས། གསང་འཕྲིན་དང་བཀོད་འདོམས། འགུལ་སྐྱོད་གཞི་གཅིག་ཅན་གྱི་འཁོར་རྒྱུག་དང་ཆ་འཕྲིན་ཅན་འཛུགས་སྐྲུན་གནས་ཚུལ་ལ་ཉན་པ་དང་། འབྲེལ་ཡོད་ཡིག་ཆ་དང་བྱ་བའི་རྩིས་ཐོར་བལྟས་པར་མ་ཟད། བརྙན་རིས་ཀྱི་ལམ་ནས་ལས་རེས་བཀོད་གཏོང་དང་འཕྲལ་བསྟུན་ཐག་གཅོད་འཁྲབ་སྦྱོང་སོགས་ལ་ལྟ་སྐུལ་མཛུབ་སྟོན་བྱས། ཁོས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཆབ་སྲིད་ཀྱི་ཚད་གཞི་དང་བྱ་བའི་གཙོ་གནད། ཉེན་རྟོག་བཅོས་སྐྱོང་ནན་མོ་བྱེད་པ་འབུར་དུ་ཐོན་པར་བྱེད་པ་དང་། གནས་བབ་གསར་བ་དང་ལས་འགན་གསར་བ། རེ་བ་གསར་བར་ཁ་གཏད་དེ། ནུས་པ་འཛུགས་སྐྲུན་སྣ་ཚོགས་སྲ་བརྟན་དང་མཐོར་འདེགས་གཏོང་བ་དང་། རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་དང་སྤྱི་ཚོགས་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་དགོས།

བཞུགས་མོལ་ཚོགས་འདུའི་སྟེང་། ཁྲིན་ཀང་གིས་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྤྱི་བདེ་ཐིན་གྱི་བྱ་བའི་སྙན་ཞུ་ལ་ཉན་པ་དང་། ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་དང་སྤྱི་བདེ་བྱ་བར་ཁས་ལེན་གང་ལེགས་བྱས། ཁོས་བསྟན་དོན། མཚོ་སྔོན་གྱི་གནས་ཚུལ་དངོས་དང་མཐུན་པ་དང་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་མཐུན་སྒྲིལ་གཏན་འཇགས་ཀྱི་ལམ་བུར་བསྐྱོད་པ་དང་། མཐུན་སྒྲིལ་གཏན་འཇགས་ཀྱི་ཚད་མཐའ་བརྟན་སྲུང་བྱས་ཏེ། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་དང་མི་རིགས་མཐུན་སྒྲིལ། དཔལ་འབྱོར་འཕེལ་རྒྱས། སྤྱི་ཚོགས་ཡར་ཐོན་སོགས་ཀྱི་བྱ་བ་སྤེལ་བར་གཅིག་འདོམས་བྱེད་དགོས། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་ནི་ཕྱོགས་བསྡུས་བཟོ་སྐྲུན་ཞིག་ཡིན་པས། ངེས་པར་དུ་ཕྱོགས་ཡོངས་དང་ཆ་ཚང་བའི་སྒོ་ནས་རྒྱུས་ལོན་བྱེད་པ་དང་། བདེ་འཇགས་འཛུགས་སྐྲུན་གཙོ་གནད་དུ་བྱེད་པ་དང་། གཅིག་ཅན་བཅུ་ཡི་བྱ་བའི་ལས་འགན་རྩ་གནད་དུ་བྱེད་པ། ཆེད་ལས་ཀྱི་སྟོབས་ཤུགས་ཆེད་སྐྱེད་པ། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་འབད་འཐབ་བྱས་ཏེ། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱ་བ་བཟང་བོར་བསྒྲུབ་དགོས། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་ནི་མཐིལ་རྟོགས་བྱ་བ་ཞིག་ཡིན་པས། ངེས་པར་དུ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། བྱ་བའི་འགན་འཁྲི་རྒྱུན་ལྡན་གྱི་དོ་དམ་དང་ཡུན་རིང་དོ་དམ་ཁྲོད་ལག་བསྟར་བྱེད་པ། གཞི་རིམ་སྟོབས་ལྡན་དུ་བསྒྱུར་བ་དང་རྨང་གཞི་འདིངས་པ། དྲ་རྒྱ་བརྟན་པོ་འཛུགས་པའི་བྱ་བ་མང་པོ་བསྒྲུབ་པ། ཡུན་ཕན་རྐྱེན་སྲོལ་བཙུགས་ནས། རྩ་ལག་མཉམ་བཅོས་བྱེད་དགོས།

ཁྲིན་ཀང་གིས་ནན་གྱིས་བསྟན་དོན། གཅིག་ཅན་བཅུ་ཡི་བྱ་བའི་ལས་འགན་ནི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་གཙོ་ཐིག་ཡིན། དཔྱད་ཞིབ་བཟང་བོ་བྱེད་རྒྱུ་ནི་སྤྱིའི་བྱེད་ཐབས་ཡིན་པས། ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ལོ་རེར་དཔྱད་ཞིབ་ཐེངས་གཅིག་དང་དུས་ཚིགས་གཅིག་ལ་དཔྱད་འཇོག་ཐེངས་གཅིག་བྱེད་པ་བརྒྱུད་དེ། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་གྱི་ཁ་ཕྱོགས་སྔར་ལས་གཏན་ཁེལ་གསལ་བོ་བྱེད་པ་དང་བཀོད་འདོམས་སྔར་ལས་གནད་ལ་འཁེལ་བ་བྱེད་པ། ལྟ་སྐུལ་སྔར་ལས་ཤུགས་དང་ལྡན་པར་བྱེད་དགོས། ཆ་འཕྲིན་ཅན་འཛུགས་སྐྲུན་བྱེད་རྒྱུ་ཧ་ཅང་གལ་ཆེ་བས། དམ་འཛིན་དང་བཀོལ་སྤྱོད་བཟང་བོ་བྱེད་པ་དང་། ཐོན་ཁུངས་མཉམ་བསྲེས་ལ་ཤུགས་སྣོན་པ། སྤྱི་ཐུན་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་བརྙན་རིས་ལྟ་རྟོག་གི་དྲ་རྒྱ་བརྟན་པོ་བཙུགས་ནས། སྤུས་འདེགས་ནུས་སྤེལ་གྱི་རྒྱུགས་ལན་བཟང་བོ་སྤྲོད་དགོས། ལག་བསྟར་ནི་ཞིབ་དཔྱད་ཚད་ལེན་གྱི་ཚད་གཞི་ཡིན་པས། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། རྒྱུན་དུ་སྦྱོང་བརྡར་བྱེད་པ། འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་ལ་མཁས་པར་བྱས་ཏེ། བྱ་བའི་ནུས་པ་དང་ཆུ་ཚད་རྒྱུན་མ་ཆད་པར་མཐོར་འདེགས་གཏོང་དགོས། གཅིག་འདོམས་མཐུན་སྦྱོར་ནི་འགན་སྲུང་གལ་ཆེན་ཡིན་པས། ཕྱོགས་སོ་སོའི་མཉམ་ཤུགས་གཅིག་ཏུ་བསྡུས་ནས།འགན་འཁྲི་བགོ་བཤའ་དང་མཉམ་འབྲེལ་གྲོས་ཚོགས། ཆ་འཕྲིན་མཉམ་སྤྱོད། མཉམ་འབྲེལ་འགུལ་སྐྱོད། འཕྲལ་བསྟུན་ཐག་གཅོད་སོགས་ཀྱི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། འགོ་ཁྲིད་དང་པོ་ནི་གནད་འགག་གྲངས་ཉུང་ཡིན་པས། མདུན་དུ་བསྐྱོད་དེ་མིག་དཔེ་བྱེད་པ་དང་། འགན་འཁྲི་ཕྲག་ཏུ་ལེན་པ། རེ་རེ་བཞིན་ལག་བསྟར་བྱེད་པ། རིམ་པ་བཞིན་གནོན་ཤུགས་བརྒྱུད་སྒྲོག་བྱས་ཏེ། བདེ་འཇགས་མཚོ་སྔོན་གྱི་རྣམ་པ་གསར་བ་བསྐྲུན་དགོས།

ཝང་ལིན་ཧུའུ་ཡིས་བཞུགས་མོལ་ཚོགས་འདུར་མགོ་འཛིན་བྱས། ཀྲུའུ་ཞང་ཧྥིན་དང་ལིས་ཧོང་ཡ་གཉིས་བཞུགས་མོལ་ལ་ཞུགས།

                                                                                                         རིན་ཆེན་མཚོས་བསྒྱུར།