ཞི་ཅིན་ཕིང་གི་གསུང་རྩོམ་འདེམས་ཀློག་ཅེས་པའི་དེབ་དང་པོ་དང་གཉིས་པ་པར་སྐྲུན་འགྲེམས་སྤེལ་བྱས།
2023.04.04 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 18

ཀྲུང་གུང་ཀྲུང་དབྱང་ཚད་ལྡན་ཡིག་ཆ་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་གིས་རྩོམ་སྒྲིག་བྱས་པའི། ཞི་ཅིན་ཕིང་གི་གསུང་རྩོམ་འདེམས་ཀློག་ཅེས་པའི་དེབ་དང་པོ་དང་གཉིས་པ་མི་དམངས་དཔེ་སྐྲུན་ཁང་གིས་དངོས་སུ་དཔེ་སྐྲུན་བྱས་པ་དང་། ཟླ་བཞི་པའི་ཚེས་གསུམ་ཉིན་ནས་བཟུང་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གོ་གུང་ཁྲན་ཏང་མིས་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་དོན་དངོས་དང་ཟུང་འབྲེལ་བྱེད་རྒྱུ་དང་། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། དུས་རབས་གསར་པའི་ནང་དུ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་གང་འདྲ་ཞིག་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཇི་ལྟར་བྱས་ཏེ་རྒྱུན་དང་འཕེལ་རྒྱས་གཏོང་རྒྱུ་སོགས་དུས་རབས་ཀྱི་ཞིབ་འཇུག་བྱེད་ཡུལ་གལ་ཆེན་ལ་ཚན་རིག་དང་མཐུན་པའི་སྒོ་ནས་ལན་ཁ་གསལ་བཏབ་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གསར་གཏོད་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ལྟ་བུ་ཡིན་ལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གསར་གཏོད་བྱེད་མཁན་གཙོ་བོ་ཞིག་ཀྱང་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་དེང་རབས་ཀྱི་ཀྲུང་གོའི་མར་ཁེ་སི་རིང་ལུགས་དང་དུས་རབས་ཉེར་གཅིག་པའི་མར་ཁེ་སི་རིང་ལུགས་ཡིན་ལ། ཀྲུང་ཧྭའི་རིག་གནས་དང་ཀྲུང་གོའི་སྙིང་སྟོབས་འདུས་པའི་དུས་རབས་ཀྱི་དགོངས་སྙིང་ཡིན་པར་བརྟེན། དགོངས་པ་དེ་དངོས་སུ་གསར་གཏོད་གནང་བ་དེས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འཕེལ་བའི་འཕུར་མཆོང་གསར་པ་མངོན་འགྱུར་བྱས། ཉིས་སྟོང་ཉེར་གཉིས་ལོའི་ཟླ་ལྔ་པར། ཏང་ཀྲུང་དབྱང་གིས་ཞི་ཅིན་ཕིང་གི་གསུང་རྩོམ་འདེམས་ཀློག་ཅེས་པ་རྩོམ་སྒྲིག་དཔེ་སྐྲུན་བྱེད་རྒྱུ་གཏན་འབེབས་བྱས། ཞི་ཅིན་ཕིང་གི་གསུང་རྩོམ་འདེམས་ཀློག་ཅེས་པའི་དེབ་དང་པོ་དང་གཉིས་པ་དངོས་སུ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་དེ་ནི། ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་ལ། དེར་དོན་སྙིང་ཆེན་པོ་ལྡན།

ཞི་ཅིན་ཕིང་གི་གསུང་རྩོམ་འདེམས་ཀློག་ཅེས་པའི་དེབ་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིས་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་གནང་བའི་སྙན་ཞུ་ཡི། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་སྤྱི་ཚོགས་རིང་ལུགས་ དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་ཡོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས་ཞེས་པ་མགོ་བརྗོད་དུ་བཟུང་ནས་བརྩམས་པ་ཞིག་ཡིན་ལ། དེ་ལས་གཞན་པའི་གསུང་རྩོམ་རྣམས་དུས་ཚོད་ཀྱི་གོ་རིམ་ལྟར་བསྒྲིགས་ཡོད། དེབ་དང་པོའི་ཁྲོད་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིས་སྟོང་བཅུ་གཉིས་ལོའི་ཟླ་བཅུ་གཅིག་པ་ནས་ཉིས་སྟོང་བཅུ་བདུན་ལོའི་ཟླ་བཅུ་པའི་བར་གྱི་དུས་སྐབས་དེའི་རིང་ཕྱག་རྩོམ་གནང་བའི་གསུང་རྩོམ་གལ་ཆེན་རྣམས་བསྡུས་ཡོད་ཅིང་། ཁྱོན་བསྡོམས་གསུང་བཤད་དང་གཏམ་བཤད། མཛུབ་སྟོན། མཆན་བཀོད་མཛུབ་སྟོན་གལ་ཆེན། བཀའ་སློབ་སོགས་རྩོམ་ཡིག་དོན་གཅིག་ཕྱོགས་བསྡུས་བྱས་ཡོད། དེབ་གཉིས་པའི་ནང་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིས་སྟོང་བཅུ་བདུན་ལོའི་ཟླ་བཅུ་པ་ནས་ཉིས་སྟོང་ཉེར་གཉིས་ལོའི་ཟླ་བཅུ་པའི་བར་གྱི་དུས་ཡུན་ནང་ཕྱག་རྩོམ་གནང་བའི་བརྩམས་ཆོས་གལ་ཆེན་རྣམས་བསྡུས་ཡོད་ཅིང་། དེའི་ཁྲོད་དུ་སྙན་ཞུ་དང་གསུང་བཤད། གླེང་མོལ། གཏམ་བཤད། མཛུབ་སྟོན་སོགས་རྩོམ་ཡིག་དོན་ལྔ་ཕྱོགས་གཅིག་ཏུ་བསྡུས་ཡོད། ད་ཐེངས་ པར་འགྲེམས་བྱས་པའི་དེབ་ཁྲོད་ཀྱི་གསུང་རྩོམ་ཁ་ཤས་ནི་ཐེངས་དང་པོར་ཡོངས་གྲགས་རྣམ་པས་འགྲེམས་སྤེལ་བྱས་པ་རེད།

ཞི་ཅིན་ཕིང་གི་གསུང་རྩོམ་འདེམས་ཀློག་ཅེས་པའི་དེབ་དང་པོ་དང་གཉིས་པ་ལས། ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། རླབས་ཆེན་གྱི་འཐབ་རྩོད་སྤེལ་བ་དང་རླབས་ཆེན་གྱི་འཆར་འགོད་འཛུགས་སྐྲུན་བྱས་པ། རླབས་ཆེན་གྱི་བྱ་གཞག་ལ་སྐུལ་འདེད་བཏང་བ། རླབས་ཆེན་གྱི་ཕུགས་འདུན་མངོན་འགྱུར་བྱེད་པ་བཅས་ཀྱི་ཐད་འབད་འབུངས་བྱས་ནས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པའི་ལོ་རྒྱུས་ཀྱི་འཕེལ་རིམ་བཅས་ཟིན་འགོད་བྱས་པ་ལས་གཞན། རང་རེའི་ཏང་གིས་མི་དམངས་ལ་སྣེ་ཁྲིད་དེ་དུས་བཅད་ལྟར་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་གསར་པའི་སྟེང་དངོས་སུ་བསྐྱོད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་བཏང་བའི་ཉམས་མྱོང་རྩ་ཆེན་བཅས་ལ་ཚན་རིག་དང་མཐུན་པའི་སྒོ་ནས་ཕྱོགས་བསྡོམས་བྱས་པ་བཅས་ཀྱི་སྟེང་ནས། རང་རེའི་ཏང་གིས་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དང་ཀྲུང་གོའི་དོན་དངོས་གཉིས་ཟུང་འབྲེལ་བྱས་པ་དང་། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འཕེལ་བར་སྐུལ་འདེད་བཏང་བ་ལས་ཐོབ་པའི་གཞུང་ལུགས་གསར་གཏོད་ཀྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པ་མཚོན་ཐུབ་ལ། དེ་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་མཐར་ཕྱིན་བྱེད་པའི་དབང་གྲགས་རང་བཞིན་ཆེས་ཆེ་ཤོས་ཀྱི་བསླབ་དེབ་ཞིག་ཀྱང་ཡིན།

དེང་སྐབས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་གཏིང་ཟབ་བཅས་བྱེད་པའི་ཐད། ཏང་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་དེ་ལག་ལེན་མཐར་ཕྱིན་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་བཞིན་ཡོད། ཞི་ཅིན་ཕིང་གི་གསུང་རྩོམ་འདེམས་ཀློག་ཅེས་པའི་དེབ་དང་པོ་དང་གཉིས་པ་དངོས་སུ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་དེས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་དེ་ལག་བསྟར་བྱ་རྒྱུ་སྔར་ལས་གཏིང་ཟབ་ས་ནས་ཟབ་སའི་ཕྱོགས་སུ་འཕེལ་བར་ཁྲིད་སྟོན་བྱས་ནས། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་ཁྲིད་སྟོན་གང་ལེགས་བྱས་ཏེ། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ནས། འདུ་ཤེས་བཞི་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་ཡིད་རྟོན་བཞི་སྔར་ལས་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་བྱེད་ཐུབ་པ་བཅས་ཀྱི་ངོས་ནས། རང་རྟོགས་སྒོས་བསམ་བློ་དང་ཆབ་སྲིད། སྦྱོར་བ་བཅས་ཀྱི་སྟེང་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱས་ཏེ། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་ཐུབ་པར་ཐེ་ཚོམ་མེད།

                                                                                                   བན་དེ་སྐྱབས་ཀྱིས་བསྒྱུར།