ཞི་ཅིན་ཕིང་རྒྱལ་སའི་འོས་འགན་སྡོང་འཛུགས་བྱེད་སྒོར་ཞུགས།
2023.04.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 90

ཟླ་བཞི་པའི་ཚེས་བཞི་ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་རྒྱལ་སའི་འོས་འགན་སྡོང་འཛུགས་བྱེད་སྒོར་ཞུགས་སྐབས། བརྩོན་པ་ཅན་ལ་མཚོན་ན་དཔྱིད་ཀྱི་དུས་ཚིགས་འདི་ནི་སྡོང་འཛུགས་ལྗང་སྒྱུར་གྱི་དུས་སྐབས་ལེགས་ཤོས་ཤིག་ཡིན། ལོ་རེའི་དུས་སྐབས་འདིར། རང་རྒྱལ་གྱི་ལྷོ་ནས་བྱང་བར་དུ་རིམ་བཞིན་ནགས་སྐྲུན་ལྗང་སྒྱུར་གྱི་ཚ་རླབས་ཤིག་ངང་གིས་འཕྱུར་བཞིན་ཡོད། དེ་རིང་ང་ཚོ་མཉམ་དུ་སྡོང་འཛུགས་བྱེད་སྒོར་ཞུགས་དོན་ནི་ཚང་མས་སྦྱོར་བ་དངོས་ལ་བརྟེན་ནས་ཡངས་ཤིང་རྒྱ་ཆེ་བའི་མེས་རྒྱལ་གྱི་ས་གཞི་ཆེན་མོའི་གཞི་རུ་ལྗང་སྒྱུར་གྱི་ལས་སྒོ་སྤེལ་ནས། རྒྱ་ཆེའི་མི་དམངས་ཀྱི་སེམས་ཁོང་དུ་ལྗང་མདོག་གི་ས་བོན་བཏབ་སྟེ། མཉམ་དུ་རེ་བའི་དཔྱིད་ཀ་བསུས་ནས། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་དགོས་པའི་ཐད་འབོད་སྐུལ་གཏོང་རྒྱུའི་ཆེད་ཡིན་ཞེས་གསུངས།

སྔ་དྲོའི་ཆུ་ཚོད་བཅུ་དང་སྐར་མ་སུམ་ཅུའི་སྟེང་དུ། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཞི་ཅིན་ཕིང་དང་ལིས་ཆང་། ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏེན་ཞུའེ་ཞང་། ལིས་ཞི། ཧན་ཀྲིན་སོགས་མཉམ་དུ་རླངས་འཁོར་ནང་བསྡད་ནས། ཆར་བ་ལ་མ་འཛེམས་པར་པེ་ཅིང་གྲོང་ཁྱེར་ཁྲའོ་དབྱང་ཆུས་ཏུང་པ་ལྟེ་གནས་སྤྱི་གླིང་གི་སྡོང་འཛུགས་ས་ཚིགས་སུ་ཕེབས་ཏེ། རྒྱལ་སའི་མང་ཚོགས་དང་མཉམ་དུ་འོས་འགན་སྡོང་འཛུགས་བྱེད་སྒོར་ཞུགས།

ཞི་ཅིན་ཕིང་གིས་མིག་སྔར་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་རིང་ལ། ལྗང་མདོག་འཕེལ་རྒྱས་ནི་རང་རྒྱལ་འཕེལ་རྒྱས་ཀྱི་འཐབ་ཇུས་གལ་ཆེན་ཞིག་ཡིན། དམངས་ཡོངས་ཀྱི་ཁྲོད་དུ་འོས་འགན་སྡོང་ཛུགས་བྱེད་སྒོ་སྤེལ་རྒྱུ་ནི་རྒྱལ་ཁབ་ཀྱི་ས་ཆ་ལྗང་སྒྱུར་ལ་སྐུལ་འདེད་གཏོང་བ་དང་མཛེས་སྡུག་ལྡན་པའི་ཀྲུང་གོ་བསྐྲུན་པའི་ལག་ལེན་གསོན་ཉམས་ཅན་ཞིག་ཡིན། ས་གནས་དང་སྡེ་ཁག་ཚང་མས་དོན་དངོས་དང་ཟུང་འབྲེལ་བྱས་ནས་འོས་འགན་སྡོང་འཛུགས་བྱེད་སྒོར་རྩ་འཛུགས་གང་ལེགས་བྱེད་དགོས། རྩ་འཛུགས་ཀྱི་རྣམ་པ་གསར་གཏོད་དང་རང་འགན་གཙང་སྒྲུབ་ཀྱི་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་བཏང་ནས། རྒྱ་ཆེའི་སྤྱི་དམངས་འོས་འགན་སྡོང་འཛུགས་ཁྲོད་ཞུགས་རྒྱུར་སྟབས་བདེ་གང་མང་བསྐྲུན་ཏེ། ལོ་ཧྲིལ་པོར་རང་འགན་གཙང་སྒྲུབ་དང་སྣ་མང་འགན་འཁྲི་གཙང་སྒྲུབ། རང་འགན་གཙང་སྒྲུབ་ལ་སྟབས་བདེ་བསྐྲུན་པ་བཅས་བྱེད་དགོས། ང་ཚོས་བྱེད་སྒོ་འབད་པས་སྤེལ་ཏེ། སྡོང་འཛུགས་ལས་དོན་ནས་མགོ་བརྩམས་ནས། ཚང་མར་དབང་བའི་སྔོ་ཞིང་གཙང་བའི་རི་ཀླུང་དང་གསེར་རི་དངུལ་རི་བསྐྲུན་ཏེ། མཛེས་སྡུག་ལྡན་པའི་ཀྲུང་གོའི་རང་མདངས་མངོན་པར་བྱེད་དགོས་ཞེས་གསུངས།

པེ་ཅིང་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་སྲིད་ཨུ་ཡོན་སོགས་སྡོང་འཛུགས་བྱེད་སྒོར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།