ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་ཟླ་བཞི་པའི་ཚེས་བཞི་ཉིན་མཚོ་སྔོན་སློབ་ཆེན་དང་ཟི་ལིང་སློབ་ཆེན་དུ་སོང་ནས་རྟོག་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། རང་ཞིང་གི་མཐོ་རིམ་སློབ་གྲྭའི་ལས་དོན་འཕེལ་རྒྱས་དེ་ཏང་ཀྲུང་དབྱང་གིས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་འཐབ་ཇུས་གཏིང་ཟབ་ཏུ་ལག་བསྟར་བྱས་པ་ལས་བྱུང་ཞིང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་སྟོབས་རང་བཞིན་མངོན་པར་མཚོན་ཡོད། ཡང་དག་པའི་སློབ་སྒྲུབ་ཁ་ཕྱོགས་དམ་འཛིན་བྱས་ཤིང་། ཏང་གི་ཆེད་དུ་མི་སྐྱོང་བ་དང་རྒྱལ་ཁབ་ཀྱི་ཆེད་དུ་འཇོན་མི་སྐྱོང་བའི་འགན་འཁྲི་ཁུར་དུ་བླངས་ཏེ། ཚན་རིག་ཁྱད་སྟོབས་དང་འཕེལ་རྒྱས་དགོས་མཁོ་ཟུང་འབྲེལ་དམ་པོ་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་འཛུགས་སྐྲུན་བྱེད་པར་སྟོབས་དང་ལྡན་པའི་གཞོགས་འདེགས་འདོན་སྤྲོད་བྱེད་དགོས་ཟེར།
མཚོ་སྔོན་སློབ་ཆེན་དེ་ཆིན་ཧྭ་སློབ་ཆེན་སོགས་ཞིང་ཆེན་གཞན་པའི་མཐོ་རིམ་སློབ་གྲྭ་དྲུག་གིས་ཁ་གཏད་རོགས་སྐྱོར་བྱས་འོག རྒྱལ་ཁབ་ཀྱི་གཉིས་གཅིག་གཅིག་བཟོ་སྐྲུན་གྱི་སློབ་གྲྭ་གལ་ཆེན་དང་རིམ་པ་དང་པོ་ཟུང་ལྡན་འཛུགས་སྐྲུན་བྱེད་པའི་མཐོ་རིམ་སློབ་གྲྭར་གྱུར་ཡོད། ཁྲིན་ཀང་མཚོ་སྔོན་སློབ་ཆེན་གྱི་ཞིང་ལས་ཚན་རྩལ་སློབ་གླིང་རྒྱལ་ཁབ་ཞིང་ལས་ལོ་ཏོག་གི་ས་བོན་ཐོན་ཁུངས་བསྐྱར་གྲབས་མཛོད་ཁང་དང་། བོད་ཀྱི་གསོ་རིག་སློབ་གླིང་མི་རིགས་གསོ་རིག་རྟེན་མཛོད་ཁང་། ཉི་འོད་ནུས་པའི་ལྟེ་གནས་ཀྱི་སྔོན་ཐོན་གནོན་བསྡུས་མཁའ་དབུགས་གསོག་ནུས་དང་སྒྲ་ནུས་བརྗེ་སྤོར་ཚོད་ལྟ་ཁང་། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་དང་མཐོ་སྒང་གི་ཞིང་ཕྱུགས་ལས་ཀྱི་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་། དེ་མིན་རྩིས་འཁོར་སྡེ་ཁག་ཟི་ལིང་སློབ་ཆེན་གྱི་སྒོང་སྙོལ་ཚོད་ལྟ་ཁང་་སོགས་སུ་སོང་སྟེ། རིག་ཚན་གྱི་འཛུགས་སྐྲུན་དང་འཇོན་མིའི་གསོ་སྐྱོང་། ཚན་རྩལ་གྲུབ་འབྲས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཏུ་བྱས། ཁོས་བསྟན་དོན། སློབ་གསོ་དང་ཚན་རྩལ། འཇོན་མི་བཅས་ནི་དེང་རབས་ཅན་གྱི་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་རྨང་གཞིའི་རང་བཞིན་དང་། འཐབ་ཇུས་རང་བཞིན་གྱི་གཞོགས་འདེགས་ཡིན་ཞིང་། རིག་ཚན་གྱི་ཁྱད་སྟོབས་ལ་རྐང་བཙུགས་ནས་མཐོ་རིམ་སློབ་གྲྭས་ཞིང་ཆེན་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ཐབས་ལམ་ཡང་དག་པར་བཙལ་ཏེ། གསར་གཏོད་ཀྱི་གྲུབ་འབྲས་མང་བོ་དངོས་ཡོད་ཀྱི་ཐོན་སྐྱེད་ནུས་པར་བསྒྱུར་དགོས་ཟེར། ཁྲིན་ཀང་གིས་ད་རུང་ཡུལ་དངོས་ནས་སློབ་མའི་ཟ་ཁང་དང་དཔེ་མཛོད་ཁང་དུ་ལྟ་སྐོར་བྱས་པ་དང་། སློབ་གྲྭའི་འཕེལ་རྒྱས་ལོ་རྒྱུས་དང་སློབ་མའི་སློབ་སྦྱོང་དང་འཚོ་བ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ཞབས་ཞུའི་འགན་སྲུང་བྱ་བ་བཟང་བོར་བསྒྲུབས་པ་དང་། ཧུར་ཐག་སྒོས་དགེ་སློབ་ཚང་མར་བདེ་འཇགས་དང་སྤྲོ་སྐྱིད་ཀྱི་སློབ་གྲྭའི་ཁོར་ཡུག་ཅིག་བསྐྲུན་དགོས་པའི་རེ་བ་བཏོན།
ཟི་ལིང་སློབ་ཆེན་ནི་རང་ཞིང་གིས་འཛུགས་སྐྲུན་བྱེད་བཞིན་པའི་རང་བྱུང་བཟོ་སྐྲུན་རིགས་ཀྱི་སློབ་ཆེན་ཞིག་ཡིན་ཞིང་། མིག་སྔར་ཐོག་ཁང་སུམ་ཅུ་འཛུགས་སྐྲུན་བྱས་ནས་བཟོ་སྐྲུན་གཙོ་བོ་ཡོངས་འགྲུབ་བྱས་ཡོད། ཁྲིན་ཀང་འཛུགས་སྐྲུན་བྱེད་བཞིན་པའི་ཟི་ལིང་སློབ་ཆེན་གྱི་རིག་ནུས་རིགས་གཞུང་ལྟེ་གནས་དང་དགེ་སློབ་ཀྱི་སྡོད་ཁང་དུ་སོང་ནས། འཛུགས་སྐྲུན་གྱི་མྱུར་ཚད་དང་བདེ་འཇགས་དོ་དམ་གནས་ཚུལ་འདྲི་རྟོགས་བྱས། ཁོས་བསྟན་དོན། ཟི་ལིང་སློབ་ཆེན་གྱི་འཛུགས་སྐྲུན་བྱ་བར་ཕན་འབྲས་མངོན་གསལ་ཐོབ་ཡོད་པ་དང་། དུས་ཚོད་དམ་འཛིན་དང་བྱ་བའི་ལས་འགན་ལག་བསྟར། ཆུ་གློག་ལམ་གསུམ་སོགས་ཀྱི་སྒྲིག་ཆས་འཐུས་ཚང་དུ་བཏང་སྟེ། བཟོ་སྐྲུན་དེ་དུས་ལྟར་བདེ་འཇགས་དང་སྤུས་ཚད་མཐོ་བའི་སྒོ་ནས་ཡོངས་འགྲུབ་བྱེད་པར་འགན་སྲུང་བྱེད་དགོས་ཟེར། སློབ་གྲྭའི་སློབ་སྒྲུབ་གཏན་གནས་དང་རིག་ཚན་བཀོད་སྒྲིག དགེ་རྒན་གྱི་བསྡུ་ལེན་སོགས་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཏུ་བྱས་རྗེས་ཁྲིན་ཀང་གིས་ནན་གྱིས་བསྟན་དོན། ཟི་ལིང་སློབ་ཆེན་འཛུགས་པ་ནི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བཏོན་པའི་ཐབས་ཇུས་གལ་ཆེན་ཞིག་ཡིན་པ་དང་། སློབ་གྲྭའི་འཛུགས་སྐྲུན་ཐད་རྒྱལ་ཁབ་དང་ཞིང་ཆེན་ཕྱི་ནང་གི་ཕྱོགས་སོ་སོའི་ཐོན་ཁུངས་སྟོབས་ཤུགས་གཅིག་འདུས་བྱས་ཡོད། མིག་སྔར་ནི་སློབ་གྲྭའི་འཛུགས་སྐྲུན་གྱི་གནད་འགག་གི་དུས་སྐབས་ཡིན་པས། ཟོལ་མེད་ཀྱིས་ཏང་རྩ་འཛུགས་ཀྱི་མགོ་ཁྲིད་སྲོག་ཤིང་ནུས་པ་འདོན་སྤེལ་བྱས་ནས་བྱ་བ་སྣ་ཚོགས་ལ་གཅིག་འདོམ་བཀོད་སྒྲིག་བྱེད་དགོས། སློབ་ཆེན་ཞེས་པ་དེ་ཐོག་ཁང་ཆེན་མོ་ཡིན་དགོས་པ་མ་ཡིན་པར་དགེ་རྒན་ཆེན་མོ་མང་དགོས། འཇོན་མིའི་ནང་འགུག་ཤུགས་ཚད་ཇེ་ཆེར་གཏོང་བ་དང་རིག་ཚན་གྱི་སྣེ་ཁྲིད་པ་དང་རྐང་འཛིན་དགེ་རྒན་གྱི་དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ཐོག སློབ་སྒྲུབ་རྨང་གཞི་ཇེ་བརྟན་དུ་བཏང་སྟེ། ལོ་རྒྱུས་ལ་འགན་འཁུར་བ་དང་བུ་རབས་ཚ་རྒྱུད་ལ་འགན་ཁུར་བའི་རྣམ་འགྱུར་གྱིས་ཟི་ལིང་སློབ་ཆེན་དེ་འཛུགས་སྐྲུན་གང་ལེགས་བྱེད་དགོས་ཟེར།
ཀྲུའུ་ཞང་ཧྥུན་དང་དབྱང་ཀྲི་ཝུན་གཉིས་ཀྱིས་མཉམ་དུ་རྟོག་ཞིབ་བྱས་པ་དང་། ཧི་ལུའུ་ཁྲུན་འབྲེལ་ཡོད་བྱ་འགུལ་ལ་ཞུགས།
བསོད་ནམས་ཚེ་རིང་གིས་བསྒྱུར།