སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་བྱ་བའི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་ལ་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས། མི་དམངས་ཚོགས་པ་བཅས་ཀྱི་ཁྲོད་དུ་ཚུར་སྣང་ཆེན་པོ་བྱུང་།
2023.04.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 38

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་བྱ་བའི་གྲོས་ཚོགས་སྟེང་དུ། རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བ་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་དམིགས་འབེན་གྱིས་བརྩོན་སེམས་བསྐྱེད་པར་བྱེད། ང་ཚོ་མི་རབས་འདིའི་གུང་ཁྲན་ཏང་མིའི་ལས་འགན་གཟི་བརྗིད་ཆེ་ལ་འགན་འཁྲི་ལྕི། ང་ཚོས་ད་ཐེངས་ཀྱི་བརྗོད་དོན་སློབ་གསོ་འདི་གོ་སྐབས་སུ་བརྩིས་ནས། ཏང་གི་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་རྒྱུར་ཤུགས་བསྣན་ནས། ཏང་ཡོངས་ཀྱི་མར་ཁེ་སི་རིང་ལུགས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ། ཏང་གི་སྲིད་སྐྱོང་ནུས་པ་དང་མགོ་ཁྲིད་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་ཞེས་བསྟན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས། མི་དམངས་ཚོགས་པ་བཅས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བླ་སྲོག་བསྐྲུན་རྒྱུ་རྒྱུན་འཁྱོངས་བྱས་ནས། ཏང་གི་གསར་གཏོད་གཞུང་ལུགས་ལ་བརྟེན་ནས་བསམ་བློ་གཅིག་གྱུར་དང་བློ་སྟོབས་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་བརྗིད་ཉམས་ཆེ་བའི་དམིགས་འབེན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་དགོས་ཞེས་གསུངས།

སྤྱི་ཁྱབ་ཧྲུའུ་ཅི་ཡིས་རྫོང་དང་ཁྲུའུ་རིམ་པ་ཡན་གྱི་མགོ་ཁྲིད་ལས་བྱེད་པས་ཏང་ཡོངས་སུ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་རྒྱུ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩིས་ཏེ། ཏང་ཡོངས་ཀྱི་བསམ་བློ་གཅིག་གྱུར་དང་ཏང་ནང་གནས་པའི་མངོན་གསལ་ཅན་གྱི་གནད་དོན་ཐག་གཅོད་བྱེད་པ། ཏང་དང་མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་རྒྱུན་འཛིན་བྱེད་པ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་དོན་སྙིང་ཆེན་པོ་ལྡན་ཞེས་གསུངས། ཚང་མས་བསྟན་དོན། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་དུ། སྣེ་མང་རྙོག་འཛིང་ཆེ་བའི་རྒྱལ་སྤྱི་དང་རྒྱལ་ནང་གི་གནས་བབ་དང་། དཀའ་ཚེགས་ཆེ་བའི་བཅོས་སྒྱུར་འཕེལ་རྒྱས་བརྟན་འཇགས་གསུམ་གྱི་ལས་འགན། ངེས་གཏན་མེད་པའི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་བཅས་ཀྱི་མདུན་དུ། ཚན་རིག་དང་མཐུན་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲས་ན། གཞི་ནས་དད་སེམས་ཇེ་བརྟན་དུ་གཏོང་བ་དང་ལོ་རྒྱུས་ཀྱི་རང་རྟོགས་རང་བཞིན་ལ་སྟངས་འཛིན་བྱེད་ཐུབ་ཟེར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ད་ཐེངས་ཀྱི་བརྗོད་དོན་སློབ་གསོས་དགོངས་པ་སློབ་པ་དང་ཏང་གཤིས་ཇེ་དྲག་ཏུ་གཏོང་བ། ལག་ལེན་གཙིགས་སུ་འཛིན་པ། བྱས་རྗེས་གསར་པ་འཇོག་པ་བཅས་ཀྱི་སྤྱིའི་བླང་བྱར་སྟངས་འཛིན་ནན་མོ་བྱེད་དགོས། ད་ཐེངས་ཀྱི་བརྗོད་དོན་སློབ་གསོ་སྤེལ་བའི་རྩ་བའི་ལས་འགན་ནི་ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་། ཤེས་དད་སྦྱོར་གསུམ་གཅིག་གྱུར་ཡོང་བར་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དེ་དད་མོས་ཇེ་བརྟན་དུ་གཏོང་བ་དང་ཏང་གཤིས་སྦྱོང་བརྡར་བྱེད་པ། ལག་ལེན་ལ་ཁྲིད་སྟོན་བྱེད་པ། བྱ་བར་སྐུལ་འདེད་གཏོང་བ་བཅས་ཀྱི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་བསྒྱུར་རྒྱུ་དང་། ཏང་ཡོངས་ཀྱིས་ཐོག་མཐའ་བར་གསུམ་དུ་གཅིག་གྱུར་གྱི་བསམ་བློ་དང་བློ་རྩ་བརྟན་པོ། མཐུན་སྦྱོར་གྱི་བྱ་སྤྱོད། འཐབ་ནུས་ཆེན་པོ་བཅས་རྒྱུན་འཁྱོངས་བྱས་ཏེ། སློབ་སྦྱོང་ལ་བརྟེན་ནས་བླ་སྲོག་སྐྲུན་པ་དང་། སློབ་སྦྱོང་ལ་བརྟེན་ནས་ཤེས་རབ་འཕེལ་བར་བྱེད་པ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་གཙང་འཕེལ་བར་བྱེད་པ། སློབ་སྦྱོང་ལ་བརྟེན་ནས་དངོས་གཉེར་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ཏན་ཏན་ཏིག་ཏིག་གི་ཕན་འབྲས་དངོས་ཐོབ་པར་བྱེད་རྒྱུ་དེ་ཡིན་ཞེས་གསུངས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ད་ཐེངས་ཀྱི་བརྗོད་དོན་སློབ་གསོར་དུས་མཚམས་དང་ལྷུ་ཚིགས་དབྱེ་རྒྱུ་མེད་པར། གཞུང་ལུགས་སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཞིབ་བཤེར་དང་དག་ཐེར་ལ་ལྟ་སྟངས་ཡང་དག་འཛིན་པ་བཅས་སྦྲེལ་མཐུད་གང་ལེགས་བྱས་ནས། མཉམ་འདྲེས་ནུས་ལྡན་དང་གཞི་གཅིག་ཅན་དུ་འཕེལ་བར་སྐུལ་འདེད་གཏོང་དགོས་ཞེས་གསུངས། ཚང་མས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་གི་མ་ལག་དང་མཐར་ཐུག་གི་དགོངས་སྙིང་། ལག་ལེན་གྱི་བླང་བྱ་བཅས་ལ་ཁྱོན་ཡོངས་ནས་སློབ་སྦྱོང་དང་གོ་བ་ལེན་དགོས་པ་དང་། གཞི་རིམ་དུ་ཟབ་ཞུགས་གཏིང་ཟབ་བྱེད་པ་དང་གནད་དོན་གྱི་འབྱུང་རྩ་ངོས་ཟིན་པར་བྱེད་པ། གནད་དོན་ལ་དབྱེ་ཞིབ་རྟིང་ཐག་ཆོད་པ་བཅས་བྱས་ཏེ། ཏང་གི་རིགས་པའི་གཞུང་ལུགས་སྤྱད་དེ་གནས་ཚུལ་གསར་པར་ཞིབ་འཇུག་དང་གནད་དོན་གསར་པ་ཐག་གཅོད་བྱས་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་བཀོད་སྒྲིག་བྱས་པའི་ལས་འགན་སོ་སོའི་ཁྲོད་དུ་སློབ་སྦྱོང་དང་རྟོག་ཞིབ་དོན་འཁྱོལ་བྱས་ཏེ། ནུས་ཤུགས་ཡོད་རྒུས་དངོས་འཛིན་དངོས་གཉེར་བྱེད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕན་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས་ཟེར།

བན་དེ་སྐྱབས་ཀྱིས་བསྒྱུར།