ལིས་ཆང་གིས་ཡོ་ནན་རྒྱལ་ཁབ་ཀྱི་ཙུང་ལིར་ཁ་པར་བཏང་།
2023.04.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 194

ཟླ་བཞི་པའི་ཚེས་བཞི་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཡོ་ནན་རྒྱལ་ཁབ་ཀྱི་ཙུང་ལི་ཧྥན་མེན་ཀྲིན་ལ་ཁ་པར་བཏང་།

ལིས་ཆང་གིས་ཀྲུང་གོ་དང་ཡོ་ནན་རྒྱལ་ཁབ་གཉིས་ནི་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ལས་སྐལ་གཅིག་མཐུན་ཚོགས་པ་ཡིན་པ་དང་། འཆམ་མཐུན་ཁྱིམ་མཚེས་ནི་རྒྱལ་ཁབ་གཉིས་ཀའི་ཁྱོན་ཡོངས་དང་ཁེ་ཕན་རྣལ་མ་ཡིན། ཀྲུང་གོས་ཡོ་ནན་རྒྱལ་ཁབ་དང་མཉམ་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་གིས་འཆར་འགོད་གནང་བའི་བརྗིད་ཉམས་ཆེ་བའི་འཆར་གཞི་དེ་མཛེས་སྡུག་ལྡན་པའི་དོན་དངོས་སུ་འགྱུར་བར་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་མཉམ་ལས་ལ་དངོས་གཉེར་གྱི་གྲུབ་འབྲས་སྔར་ལས་གང་མང་བ་ཐོབ་རྒྱུར་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད། ཕྱོགས་གཉིས་ཀས་སྤུས་ཚད་མཐོ་བའི་སྒོ་ནས་རྒྱུད་གཅིག་ལམ་གཅིག་དང་ཁྱམས་གཉིས་སྐོར་གཅིག་གི་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་དགོས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་བརྟན་ལྷིང་དང་དར་རྒྱས་ལ་སྐུལ་འདེད་གཏོང་བའི་བསམ་སྦྱོར་མུ་མཐུད་དུ་སྤེལ་ནས། ཕན་ཚུན་བར་སྐད་ཆ་བཤད་རེས་དང་གྲོས་མོལ་བྱས་ཏེ། འགལ་ཟླ་དོ་དམ་ཚོད་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། རྒྱལ་ཁབ་གཉིས་ཀའི་འཕེལ་རྒྱས་ལ་ཕྱི་རོལ་གྱི་ཁོར་ཡུག་བཟང་པོ་ཞིག་མཉམ་དུ་བསྐྲུན་དགོས་ཞེས་གསུངས།

ཧྥན་མེན་ཀྲིན་གྱིས་ཡོ་ནན་དང་ཀྲུང་གོའི་བར་གྱི་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་ནི། ཡོ་ནན་རྒྱལ་ཁབ་ཀྱི་ཕྱི་ཕྱོགས་སྲིད་ཇུས་ཀྱི་ཁ་ཕྱོགས་གཙོ་བོ་ཞིག་ཡིན། ཡོ་ནན་གྱིས་ཀྲུང་གོའི་བར་ཆབ་སྲིད་འབྲེལ་གཏུག་དང་། འཐབ་ཇུས་ཀྱི་ངོས་ནས་ཕན་ཚུན་ཡིད་ཆེས་བྱ་རྒྱུར་ཤུགས་བསྣན་ནས། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རིམ་པ་སོ་སོའི་མཛའ་མཐུན་འགྲོ་འོང་ལ་ཤུགས་སྣོན་པ། མི་མཐུན་པའི་ཆ་ཐག་གཅོད་འོས་འཚམ་བྱེད་པ། ཕྱོགས་མང་ཁྱབ་ཁོངས་ཀྱི་འབྲེལ་གཏུག་མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།