ཟླ་བཞི་པའི་ཚེས་བཞི་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིང་དུ། ཧིན་རྡུ་ཉི་ཞི་ཡས་ཀྲུང་གོ་མཉམ་ལས་བྱེད་པའི་སྣེ་ཁྲིད་པ་དང་གཅིག་གྱུར་འཆར་འགོད་པུའུ་ཀྲང་ལུའུ་ཧུའུ་ཐི་ལ་མཇལ་འཕྲད་གནང་།
ཧན་ཀྲིན་གྱིས་ན་ནིང་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཙོ་ཁི་རྣམ་གཉིས་ཀྱིས་ཕན་ཚུན་བར་འཚམས་འདྲི་གནང་ལ། རྒྱལ་ཁབ་གཉིསཀས་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་སྐྲུན་གྱི་ལེའུ་གསར་པ་བརྩམས་ཡོད། ད་ལོ་ནི་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་ཁྱོན་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བ་བཙུགས་ནས་ལོ་བཅུ་འཁོར་བའི་ལོ་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་ཧིན་རྡུ་ཉི་ཞི་ཡ་དང་མཉམ་དུ་གོ་སྐབས་འདི་དང་བསྟུན་ནས་གཙོ་འཛིན་གྱི་སྣེ་ཁྲིད་རྒྱུན་འཁྱོངས་དང་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་མཉམ་ལས་ཀྱི་ཚད་གཞི་དང་ལས་སྐལ་གཅིག་མཐུན་ཚོགས་པའི་དཔེ་སྟོན་སྐྲུན་པ་བཅས་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་སྔར་ལས་གང་མང་བསྐྲུན་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧིན་རྡུ་ཉི་ཞི་ཡས་ད་ལོ་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྒྱབ་སྐྱོར་བྱས་ནས། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཁྱོན་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བར་སླར་ཡང་གྲུབ་འབྲས་བཟང་པོ་ཐོབ་པར་བརྩོན་ལེན་བྱེད་རྒྱུ་ཡིན་ཞེས་གསུངས།
ལུའུ་ཧུའུ་ཐི་ཡིས་ཀྲུང་གོ་ཕྱོགས་ཀྱིས་ཧིན་རྡུ་ཉི་ཞི་ཡའི་རིམས་ནད་འགོག་བཅོས་ཐད་སྒེར་སེམས་མེད་པའི་སྒོ་ནས་རོགས་རམ་བྱས་པར་ཐུགས་རྗེ་ཆེ་ཞུས་པ་ཡིན་ལ། བསམ་སྦྱོར་འདིའི་སྟེང་ནས་རྒྱལ་ཁབ་གཉིས་ཀས་མཉམ་དུ་ ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པའི་སྙིང་སྟོབས་གང་ལེགས་སྒོས་མངོན་ཡོད། ཧིན་རྡུ་ཉི་ཞི་ཡས་ཀྲུང་གོའི་བར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱས་ནས། ཀྲུང་གོ་ཕྱོགས་དང་མཉམ་དུ། རྒྱུད་གཅིག་ལམ་གཅིག་གི་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།
བན་དེ་སྐྱབས་ཀྱིས་བསྒྱུར།