མཚོ་སྔོན་ཞིང་ཆེན་གྱིས་ཉིས་སྟོང་ཉེར་གསུམ་ལོའི་སྤྱིའི་ནགས་དཔོན་དང་རྩྭ་དཔོན་གྱི་བཀའ་ཁྱབ་དང་པོ་འགྲེམ་སྤེལ་བྱས།
2023.04.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 30

ཟླ་བཞི་བའི་ཚེས་གསུམ་ཉིན། གསར་འགོད་པས་ཞིང་ཆེན་ནགས་དཔོན་ལམ་ལུགས་གཞུང་སྒྲུབ་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ལམ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་སྤྱིའི་ནགས་དཔོན་ཁྲིན་ཀང་དང་ཧྲིན་ཀྲང་། ཞིང་ཆེན་སྤྱིའི་ནགས་དཔོན་ཝུའུ་ཞའོ་ཅུན་གཉིས་ཀྱིས་མཉམ་དུ་ཉིས་སྟོང་ཉེར་གསུམ་ལོའི་སྤྱིའི་ནགས་དཔོན་དང་རྩྭ་དཔོན་གྱི་བཀའ་ཁྱབ་དང་པོ་སྟེ་ནགས་རྩྭའི་ཐོན་ཁུངས་སྲུང་སྐྱོབ་ལ་ཤུགས་སྣོན་པའི་སྐོར་གྱི་བརྡ་ཐོའི་སྟེང་མིང་བཀོད་པ་དང་འགྲེམ་སྤེལ་བྱས་ཏེ། ནགས་རྩྭའི་ཐོན་ཁུངས་སྲུང་སྐྱོབ་ཀྱི་དཀྱིལ་སྙིང་ལས་འགན་གཅིག་སྡུད་བྱས་ཤིང་། ནགས་རྩྭའི་ཐོན་ཁུངས་སྲུང་སྐྱོབ་བྱ་བར་ཤུགས་བསྣན་པ་དང་། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་གཙོ་གཞིའི་འགན་འཁྲི་དང་ལེན་བཟང་བོ་བྱས་ནས། ནགས་དཔོན་ལམ་ལུགས་བྱ་བ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་།

སྤྱིའི་ནགས་དཔོན་དང་རྩྭ་དཔོན་གྱི་བཀའ་ཁྱབ་ནང་བསྟན་དོན། མཚོ་སྔོན་གྱིས་གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་གི་སྤུས་ཚད་མཐོར་འདེགས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་པ་དང་། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་དངོས་སུ་འཛུགས་པར་མྱུར་དུ་སྐུལ་འདེད་གཏོང་བ། མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གསར་འཛུགས་ལས་འགན་ཕྱོགས་ཡོངས་ནས་ཡོངས་འགྲུབ་བྱེད་པ། ཏན་ཏིག་སྒོས་ཁུ་ནུ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་མཚོ་སྔོན་ཕྱོགས་ཀྱི་སྔོན་དཔག་དུས་སྐབས་ཀྱི་བྱ་བ་བཟང་བོར་སྒྲུབ་དགོས། སྐབས་གཉིས་པའི་རྒྱལ་ཁབ་སྤྱི་གླིང་གི་གླེང་སྟེགས་ལེགས་སྒྲུབ་བྱེད་པ་དང་། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་སྲ་བརྟན་དང་མཐོར་འདེགས་སུ་གཏོང་བའི་འགུལ་སྐྱོད་སྤེལ་དགོས། རྨ་ཆུའི་བཞུར་ཁོངས་དང་ཙོང་ཆུའི་འགྲམ་རྒྱུད་སོགས་ཁུལ་ཁོངས་གཙོ་བོ་ལྗང་སྒྱུར་རྒྱ་བསྐྱེད་པའི་འགུལ་སྐྱོད་མྱུར་དུ་སྤེལ་བ་དང་། ཟི་ལིང་གྲོང་ཁྱེར་གྱི་ལྷོ་བྱང་རི་བོ་ལྗང་སྒྱུར་བྱེད་པའི་དུས་སྐབས་བཞི་པའི་བཟོ་སྐྲུན་ལ་སྐུལ་འདེད་གཏོང་དགོས། སྟོབས་ཤུགས་ཡོད་རྒུ་བཏོན་ནས་གྲོང་གསེབ་ལྗང་སྒྱུར་གཞི་གཅིག་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། དམངས་ཡོངས་ཀྱི་འོས་འགན་སྡོང་འཛུགས་ལ་སྐུལ་འདེད་གཏོང་དགོས། བྱེ་འགོག་བྱེ་བཅོས་དཔེ་སྟོན་ལས་གཞི་མྱུར་དུ་ལག་བསྟར་བྱས་ནས། རྒྱལ་ཡོངས་ཀྱི་བྱེ་འགོག་བྱེ་བཅོས་ཕྱོགས་བསྡུས་དཔེ་སྟོན་ཁུལ་འཛུགས་སྐྲུན་ཕན་འབྲས་སྲ་བརྟན་དང་མཐོར་འདེགས་སུ་གཏོང་དགོས། རྩྭ་ས་དང་གྲོང་ཁྱེར་ནགས་ཚལ་སྐྱེ་ཁམས་ངེས་གནས་ཞིབ་འཇུག་ལྟ་ཞིབ་ཚད་ལེན་ས་ཚིགས་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། ནགས་རྩྭའི་ཐོན་ཁུངས་སྲུང་སྐྱོབ་འཕེལ་རྒྱས་ཀྱི་རིག་སྟོབས་ཅན་གྱི་དོ་དམ་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས། སྐྱེ་ཁམས་དོ་དམ་སྲུང་སྐྱོབ་སྤྱི་ཕན་ལས་གནས་སྲིད་ཇུས་འཐུས་ཚང་བཏང་ནས། ཡུལ་ཚོ་དང་གྲོང་བརྡལ་གྱི་ནགས་ལས་བྱ་བའི་ས་ཚིགས་ཀྱི་ནུས་པའི་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། ཐུན་མོང་ནགས་དབང་ལམ་ལུགས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་། རང་བྱུང་ནགས་ཚལ་སྲུང་སྐྱོབ་དང་སྤྱི་ཕན་ནགས་ཚལ་དོ་དམ་མཉམ་འཛིན་བྱེད་པར་སྐུལ་འདེད་གཏོང་དགོས།

སྤྱིའི་ནགས་དཔོན་དང་རྩྭ་དཔོན་གྱི་བཀའ་ཁྱབ་ལས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ནགས་རྩྭའི་ཐོན་ཁུངས་སྲུང་སྐྱོབ་བྱ་བར་སྔར་ལས་ཤུགས་སྣོན་པ་དེ་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་བྱེད་པ་དང་། རི་སྔོ་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་ལག་བསྟར་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་དུ་བརྩིས་ཏེ། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པ་དམིགས་འབེན་བྱེད་པ་དང་། ནགས་རྩྭའི་ཐོན་ཁུངས་སྲུང་སྐྱོབ་བྱ་བར་ཤུགས་སྣོན་པ་གཙོར་འཛིན་པར་མ་ཟད། སྐྱེ་ཁམས་དཔལ་ཡོན་མཐོ་ས་ཕྱོགས་ཡོངས་ནས་གསར་སྐྲུན་བྱས་ནས། སྐྱེ་ཁམས་མཛའ་མཐུན་གྱི་དེང་རབས་ཅན་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་རོགས་འདེགས་བྱེད་དགོས།

                                                                                                                བཀྲ་ཤིས་འབུམ་གྱིས་བསྒྱུར།