རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཚེས་དྲུག་ཉིན་པེ་ཅིང་དུ་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥིན་ཏི་ལའེ་ཨུན་ལ་མཇལ་འཕྲད་གནང་།
ལིས་ཆང་གིས་བསྟན་དོན། ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བར་གོ་ལ་ཧྲིལ་བོར་ཤུགས་རྐྱེན་ཐེབས་པ་དང་འཛམ་གླིང་གི་དོན་སྙིང་ལྡན། ཕྱོགས་གཉིས་ཀྱིས་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ངེས་གནས་རྒྱུན་འཁྱོངས་བྱེད་པ་དང་། ཕན་ཚུན་བརྩི་འཇོག་དང་མཉམ་ལས་མཉམ་རྒྱལ་རྒྱུན་འཁྱོངས་བྱེད་པ། འགལ་རྐྱེན་དང་དཀའ་ཁག་ལ་ཁ་གཏད་འཇལ་བ། ཐུན་མོང་གི་ངོས་འཛིན་དང་མཉམ་ལས་གཅིག་བསྡུས་བྱས་ཏེ་ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བ་བདེ་ཐང་དང་བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་ཕྱོགས་དང་མཉམ་དུ། ཀྲུང་གོ་དང་ཡོ་རོབ་བར་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ་ཉི་ཤུ་འཁོར་བ་མགོ་རྩོམ་ས་གསར་པར་བྱེད་པ་དང་རིམ་པ་སོ་སོའི་བར་གྱི་བརྗེ་རེས་ཕྱོགས་ཡོངས་ནས་ཡང་བསྐྱར་མགོ་རྩོམ་པ། ཆུ་ཚད་མཐོ་བའི་མཉམ་ལས་ལ་ཧུར་ཐག་གིས་སྐུལ་འདེད་གཏོང་བ། ཕྱོགས་མང་རིང་ལུགས་ངོ་མ་རྒྱུན་འཁྱོངས་བྱེད་པ། འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ལ་མཉམ་དུ་ཁ་གཏད་འཇལ་བ་བཅས་བྱས་ནས་ཡང་བསྐྱར་ཀྲུང་གོ་དང་ཡོ་རོབ་བར་གྱི་མཉམ་ལས་ཀྱི་འོད་སྟོང་འབར་བའི་ལོ་ངོ་ཉི་ཤུ་གསར་སྐྲུན་བྱེད་འདོད་ཡོད།
ཧྥིན་ཏི་ལའེ་ཨུན་གྱིས་བསྟན་དོན། ཡོ་རོབ་དང་ཀྲུང་གོ་གཉིས་ཀྱི་ཁེ་ཕན་གཅིག་ཏུ་འདྲེས་ཡོད། ཡོ་རོབ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ། ཡོ་རོབ་དང་ཀྲུང་གོའི་བར་གྱི་དཔལ་འབྱོར་ཉོ་ཚོང་སོགས་མཐོ་རིམ་གྲོས་མོལ་ལ་ཤུགས་སྣོན་པ་དང་། ཕན་ཚུན་བར་ཁྲོམ་རའི་སྒོ་འབྱེད་སྲུང་འཛིན་བྱེད་པ། དཔལ་འབྱོར་ཉོ་ཚོང་དང་ལྗང་མདོག་འཕེལ་རྒྱས། ཤེས་བྱའི་ཐོན་དབང་ལ་སྲུང་སྐྱོབ་བྱེད་པ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་སྣེ་ཁྲིད་དེ་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ལ་མཉམ་དུ་ཁ་གཏད་འཇལ་འདོད་ཡོད།
ཆིན་ཀང་སོགས་མཇལ་འཕྲད་ལ་ཞུགས།
ལྷ་མོ་ཚེ་རིང་གིས་བསྒྱུར།