མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་བཞུགས་མོལ་ཚོགས་འདུ་ཟི་ལིང་དུ་བསྡུས།
2023.04.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 26

མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་བཞུགས་མོལ་ཚོགས་འདུ་ཟླ་བཞི་པའི་ཚེས་དྲུག་ཉིན་གྱི་ཕྱི་དྲོར་ཟི་ལིང་དུ་བསྡུས། ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁ་གཏད་རོགས་སྐྱོར་བྱ་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་པ་དང་། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བའི་ཐད་ནས་བསམ་ཚུལ་བརྗེ་རེས་བྱས་ལ། གྲོས་གཞི་དང་བསམ་ཚུལ་ལ་ཉན། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་གཏམ་བཤད་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས།

བཞུགས་མོལ་ཚོགས་འདུའི་སྟེང་། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་གྱི་སྣེ་ཁྲིད་མི་སྣ་དང་། ཀྲུང་དབྱང་སྡེ་ཁག་དང་ཀྲུང་དབྱང་ཁེ་ལས་ཀྱི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པའི་འཐུས་ཚབ། ཚན་སྒྲིག་རང་བཞིན་གྱི་སྨན་བཅོས་དང་སློབ་གསོའི་ཐད་ཀྱི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཤེས་ལྡན་མི་སྣའི་འཐུས་ཚབ་བཅས་ཀྱིས་གཏམ་བཤད།

གཏམ་བཤད་པར་ཉན་རྗེས། ཁྲིན་ཀང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་ཚབ་བྱས་ནས། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས། ཀྲུང་དབྱང་གི་ཁེ་ལས། ཞིང་ཆེན་དང་གྲོང་ཁྱེར་བཅས་ལ་བཀའ་དྲིན་ཞུས་པ་དང་། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་ཤེས་ལྡན་མི་སྣར་དད་གུས་ཞུས། ཁོས་བསྟན་དོན། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པ་དང་ཤར་ནུབ་རྒྱུད་མཉམ་ལས་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མཉམ་དུ་ཕྱུག་པོར་བསྒྱུར་བར་སྐུལ་འདེད་གཏོང་ཆེད་བཏོན་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་སྟོབས་རང་བཞིན་གྱི་མཚོན་བྱེད་གལ་ཆེན་ཡིན་པས། ཁ་གཏད་རོགས་སྐྱོར་བྱེད་མཁན་དང་རྒྱ་ཆེའི་རོགས་སྐྱོར་ལས་བྱེད་པས་ཆབ་སྲིད་གླེང་བ་དང་སྤྱི་ཡོངས་ལ་ལྟ་རྟོག་བྱས་པ་དང་། བརྩེ་སེམས་ཟབ་མོས་འབད་འཐབ་བྱས་ཏེ། སློབ་གསོ་དང་སྨན་བཅོས། ཐོན་ལས། སྤྱི་ཐུན་ཞབས་ཞུ། སྤྱི་ཚོགས་ལས་དོན་སོགས་ཕྱོགས་ནས་འདེགས་སྐྱོར་གྱི་ནུས་པ་གལ་ཆེན་འདོན་སྤེལ་བྱས་པ་དང་། གྲུབ་འབྲས་འབུར་དུ་ཐོན་པ་བླངས་ལ། མཚོ་སྔོན་གྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ཁྱིམ་གཞི་ཆེན་པོའི་དྲོད་ཁོལ་མྱོང་ཐུབ་པར་བྱས་པ་དང་། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་བྱས་རྗེས་གལ་ཆེན་བཞག

ཁྲིན་ཀང་གིས་ནན་གྱིས་བསྟན་དོན། མཚོ་སྔོན་གྱིས་རྒྱལ་ཡོངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་བྱེད་ན། ཕྱོགས་སོ་སོའི་རྒྱབ་སྐྱོར་དང་ཁ་འབྲལ་ཐབས་མེད་པས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་སུ་གཏོང་བའི་སྤྱི་ཡོངས་ཀྱི་མཐོ་ཚད་དུ་འགྲེང་ནས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བའི་གལ་ཆེན་རང་བཞིན་ལ་ངོས་འཛིན་ཟབ་མོ་བྱེད་པ་དང་། མཚོ་སྔོན་གྱི་ཆེས་ཆེ་བ་གསུམ་གྱི་གནས་ཐིག་གཏན་ཁེལ་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་གོ་གནས་ཀྱི་ངོས་ཟིན་ཇེ་ཟབ་ཏུ་བཏང་སྟེ། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བའི་གཞི་རྩ་ཇེ་བརྟན་དུ་གཏོང་བ་དང་ཡུན་རིང་ལ་ཕན་འདོགས་པའི་ནུས་པ་འདོན་སྤེལ་བྱེད་དགོས། ཐོན་ལས་ཕྱོགས་ནས་མཚོ་སྔོན་ལ་རོགས་སྐྱོར་བཟང་བོ་བྱེད་པ་དང་། ཚོང་རའི་ཆོས་ཉིད་ལ་བརྩི་བཀུར་བྱེད་པ། ཞིབ་བསྡུར་དགེ་མཚན་འདོན་སྤེལ་བྱེད་པ། རི་བོ་གཉིས་ཀྱི་འདུ་ཤེས་ལག་བསྟར་བྱས་ནས། སྐྱེ་ཁམས་སྔར་ལས་བཟང་བ་དང་འཕེལ་རྒྱས་ཀྱི་སྤུས་ཚད་སྔར་ལས་མཐོ་བར་བྱེད་དགོས། སློབ་གསོའི་ཐད་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་པ་དང་། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་གྱིས་ཤེས་ལྡན་མི་སྣ་དང་བསླབ་ཚན། ཚན་རྩལ་སོགས་ཕྱོགས་ཀྱི་དགེ་མཚན་འདོན་སྤེལ་བྱེད་པ། ཕུལ་དུ་བྱུང་བའི་སློབ་གསོའི་ཞིབ་འཇུག་གྲུབ་འབྲས་སྔར་ལས་མང་པོ་མཚོ་སྔོན་ནས་ཁྱབ་གདལ་དུ་གཏོང་བ་དང་བཀོལ་སྤྱོད་བྱེད་ཐུབ་པར་བྱས་ཏེ། སློབ་གསོར་བརྟེན་ནས་མི་རབས་ནས་མི་རབས་ཀྱི་ན་གཞོན་ཚོའི་མཛེས་སྡུག་ལྡན་པའི་མ་འོངས་བསྐྲུན་དགོས། སྨན་བཅོས་ཕྱོགས་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་པ་དང་། རང་སོ་སོའི་དགེ་མཚན་འདོན་སྤེལ་བྱེད་པ། ད་ཡོད་ཀྱི་རྨང་གཞིའི་སྟེང་ཚན་སྒྲིག་རང་བཞིན་གྱི་རོགས་སྐྱོར་བྱེད་ཤུགས་སྔར་ལས་ཇེ་ཆེར་གཏོང་བ། ཚན་སྒྲིག་ཆུང་བའི་རང་བཞིན་གྱི་རོགས་སྐྱོར་སྤེལ་བ། རྒྱང་བསྟེན་སྨན་བཅོས་ཞབས་ཞུའི་སྟེགས་བུ་བཀོལ་སྤྱོད་བཟང་བོ་བྱེད་པ། སྨན་བཅོས་འཕྲོད་བསྟེན་ཐད་ཀྱི་ཞན་ཆ་ཁ་གསབ་བྱས་ནས། མང་ཚོགས་སྔར་ལས་མང་པོར་བདེ་སྐྱིད་བསྐྲུན་དགོས། རིག་སྟོབས་ཐད་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་རྒྱུ་དེ་གོ་སྐབས་སུ་བརྩི་བ། རིགས་སོ་སོའི་མང་ཚོགས་ཀྱིས་ལྟ་ཚུལ་བསྒྱུར་བ་དང་བསམ་རྒྱ་བསྐྱེད་པར་སྣེ་ཁྲིད་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་མྱུར་དུ་འཛུགས་སྐྲུན་བྱེད་དགོས། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་སྟོབས་ཤུགས་སྔར་ལས་ཆེན་པོས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་ཤེས་ལྡན་མི་སྣར་སེམས་ཁུར་དང་གཟིགས་སྐྱོང་བྱེད་པ་དང་། ཞབས་ཞུའི་འགན་སྲུང་བཟང་བོར་བསྒྲུབ་པ། བྱ་བ་དང་འཚོ་བའི་ཁྲོད་ཀྱི་དཀའ་ཁག་དངོས་ཐག་གཅོད་པར་རོགས་བྱེད་པ། བརྩེ་སེམས་ལྡན་པའི་སྒོ་ནས་བྱ་བ་བཟང་བོར་བསྒྲུབ་སྟེ་མངག་གཏོང་ལས་ཁུངས་དང་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་ཤེས་ལྡན་མི་སྣ་སེམས་བདེ་བར་བྱེད་དགོས།

ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱེད་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁ་གཏད་རོགས་སྐྱོར་དང་ཤར་ནུབ་རྒྱུད་མཉམ་ལས་བྱ་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་སུ་གཏོང་བ། ཕུལ་བྱུང་སྲོལ་རྒྱུན་རྒྱུན་འཛིན་བྱེད་པ། དཔའ་སྐྱེད་ཁག་ཁུར་དང་འབད་འཐབ་བྱེད་ཕོད་པའི་སྙིང་སྟོབས་དར་སྤེལ་གཏོང་བ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པར་དམིགས་ནས། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་སྟེགས་བུ་དང་སྲིད་ཇུས་བཀོལ་སྤྱོད་བཟང་བོ་བྱེད་པ་དང་། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པ་དང་ཤར་ནུབ་རྒྱུད་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་། རང་སྟེང་གི་དགེ་མཚན་དང་ཟམ་ཐག་གི་ནུས་པ་འདོན་སྤེལ་བྱེད་པ། ལས་གཞི་ལག་བསྟར་བྱེད་པའི་ཐད་ནས་སྦྲེལ་མཐུད་བརྩོན་ལེན་བྱེད་པ་དང་། ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་སྟེང་ངོ་སྤྲོད་སྣེ་ཁྲིད་བྱེད་པ། མི་གཞུང་བརྗེ་རེས་ཐད་ནས་སྐུལ་འདེད་ཆེན་པོ་བཏང་སྟེ། མཉམ་ལས་ཀྱི་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་མཉམ་ལས་ཀྱི་ཐབས་ལམ་རྒྱ་བསྐྱེད་དགོས། ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་སེམས་ཤུགས་གཅིག་སྒྲིལ་གྱིས་ཞབས་ཞུ་འགན་སྲུང་བྱ་བ་བཟང་བོར་བསྒྲུབ་པ་དང་། ཆབ་སྲིད་དང་བྱ་བ། འཚོ་བའི་སྟེང་སྔར་ལས་སེམས་ཁུར་དང་གཟིགས་སྐྱོང་བྱས་ནས། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་ཤེས་ལྡན་མི་སྣས་མཚོ་སྔོན་ནས་བློ་སེམས་རྩེ་གཅིག་གིས་ལས་སྒྲུབ་ལས་བརྩོན་བྱེད་ཐུབ་པར་བྱེད་པ་དང་། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བའི་ཁྲོད་ལས་འབྲས་གསར་བ་བསྐྲུན་དགོས།

ཞིང་ཆེན་གྱི་འགོ་ཁྲིད་ཝང་ཝེ་ཏུང་དང་ཀྲའོ་ཡུའེ་ཞ། ཚེ་རིང་ཐར། ཝུའུ་ལ་ཙི་པེ་ཁི་རེ་སུའུ་ལིས་ཧྭན། ཀྲུའུ་ཞང་ཧྥིན། ལིའུ་ཁྲའོ་བཅས་ཚོགས་འདུར་ཞུགས། སྐོར་ཁག་ལྔ་པའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་སྤྱིའི་སྣེ་ཁྲིད་པ། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་དོ་དམ་ཚན་ཆུང་གི་ཚན་གཙོ། ཞིང་ཆེན་དང་གྲོང་ཁྱེར་དྲུག་གི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་འཐུས་ཚབ། ཀྲུང་དབྱང་ཁེ་ལས་ཀྱི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པའི་འཐུས་ཚབ། ཞིང་ཆེན་ཐད་གཏོགས་ལས་ཁུངས་དང་གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་འགན་ཁུར་བློ་མཐུན་བཅས་ཚོགས་འདུར་ཞུགས།

རིན་ཆེན་མཚོས་བསྒྱུར།