རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཚེས་དྲུག་ཉིན་པེ་ཅིང་དུ་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་ལ་མཇལ་འཕྲད་གནང་།
ལིས་ཆང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སི་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ལྟ་ཚུལ་དོན་འཁྱོལ་བཟང་བོ་བྱེད་པ་དང་། རང་བཙན་རང་བདག་དང་ཕན་ཚུན་བསམ་ཤེས། གཟིགས་རྒྱང་རིང་བ། གཉིས་ཕན་མཉམ་རྒྱལ་བཅས་ཀྱི་ཕན་ཚུན་བར་འབྲེལ་བ་འཛུགས་པའི་སྙིང་སྟོབས་དར་སྤེལ་བཏང་སྟེ་ཀྲུང་གོ་དང་ཧྥ་རན་སིའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་ཆུ་ཚད་གསར་པ་བསྐྱོད་པར་སྐུལ་འདེད་གཏོང་འདོད་ཡོད། ཕྱོགས་གཉིས་ཀྱིས་སྒོ་འབྱེད་མཉམ་ལས་དང་དག་སྲུང་གསར་གཏོད། ཕན་ཚུན་བརྗེ་རེས་དང་དཔྱད་གཞིར་འཛིན་རྒྱུ་བཅས་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་སྒུལ་ཤུགས་གསར་པ་སྣོན་དགོས། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ཡོ་རོབ་ཀྱི་འགོ་ཁྲིད་པའི་ཐུག་འཕྲད་བཟང་བོར་བསྒྲུབ་སྟེ་འཛམ་གླིང་ཞི་བདེ་དང་དར་རྒྱས་འགྲོ་བའི་ཐད་བྱས་རྗེས་འཇོག་འདོད་ཡོད།
མཱ་ཁི་ལུང་གིས་བསྟན་དོན། མིག་སྔའི་ཛ་དྲག་རྙོག་འཛིང་གི་གནས་བབ་འོག་ཏུ། ཧྥ་རན་སི་དང་ཀྲུང་གོ་གཉིས་ཀྱིས་གྲོས་མོལ་བརྗེ་རེས་ལ་ཤུགས་སྣོན་པར་དོན་སྙིང་གལ་ཆེན་ལྡན། ཧྥ་རན་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་དང་། སྒོ་འབྱེད་ཀྱི་རྣམ་འགྱུར་བཟུང་སྟེ་ཀྲུང་གོའི་བར་གྱི་མཉམ་ལ་ཤུགས་སྣོན་པ་དང་། རྒྱལ་སྤྱིའི་ཞི་བདེ་གཏན་འཇགས་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་སྟེང་མཐུན་སྦྱོར་ཟབ་མོ་བྱས་ཏེ་ཧྥ་རན་སི་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་གསོན་ཤུགས་གསར་པ་སྣོན་པ་དང་། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཡོང་བར་བྱས་རྗེས་འཇོག་འདོད་ཡོད།
ཆིན་ཀང་སོགས་མཇལ་འཕྲད་ལ་ཞུགས།
ལྷ་མོ་ཚེ་རིང་གིས་བསྒྱུར།