རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚེས་དྲུག་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་ལ་མཇལ་འཕྲད་གནང་།
ཀྲའོ་ལི་ཅི་ཡིས་བསྟན་དོན། དུས་ཡུན་རིང་བོའི་ཚུན་ལ། ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བ་དེ་ཀྲུང་གོ་དང་ནུབ་ཕྱོགས་རྒྱལ་ཁབ་བར་གྱི་འབྲེལ་བའི་མདུན་གྲལ་དུ་སླེབས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཞབས་ཙུང་ཐུང་གཉིས་ཀྱིས་བརྗེ་རེས་ཟབ་མོ་སྲུང་འཛིན་བྱས་པ་དང་། དུས་སྐབས་གསར་པའི་ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བའི་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོ་སྲུང་འཛིན་བྱེད་པར་སྣེ་ཁྲིད་བྱས་ཏེ། ཆབ་སྲིད་ལམ་ལུགས་མི་འདྲ་བ་དང་འཕེལ་རྒྱས་ཀྱི་དུས་རིམ་མི་འདྲ་བ། རིག་གནས་མི་འདྲ་བ་བཅས་ཀྱི་རྒྱལ་ཁབ་ཀྱིས་མཛའ་བརྩེའི་མཉམ་ལས་ལ་བརྟེན་ནས་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་པར་མིག་དཔེ་བསྟན། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སི་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་གྱི་འཐབ་ཇུས་ཐད་ཀྱི་ཐུན་མོང་ངོས་འཛིན་དོན་འཁྱོལ་བཟང་བོ་བྱེད་པ་དང་། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་ཧུར་ཐག་གིས་སྐུལ་འདེད་གཏོང་བ། ཀྲུང་གོ་དང་ཧྥ་རན་སིའི་ཁྲིམས་འཛུགས་ལས་ཁུངས་ཀྱིས་དུས་བཅད་བརྗེ་རེས་ནང་རྐྱེན་སྟེགས་བུ་མུ་མཐུད་དུ་བཀོལ་སྤྱོད་བཟང་བོ་བྱས་ཏེ་ཁྲིམས་འཛུགས་ཉམས་མྱོང་བརྗེ་རེས་བྱེད་པ་དང་། དཔལ་ཡོན་དང་རིག་གནས་བརྗེ་རེས་དང་དཔྱད་གཞིར་འཛིན་པར་སྐུལ་འདེད་བཏང་སྟེ་ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བ་སྲ་བརྟན་དུ་གཏོང་འདོད་ཡོད།
མཱ་ཁི་ལུང་གིས་བསྟན་དོན། ཧྥ་རན་སི་དང་ཀྲུང་གོའི་འབྲེལ་བས་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོ་སྲུང་འཛིན་བྱས་ཡོད། མིག་སྔར་འཛམ་གླིང་ཧྲིལ་བོ་འགྲན་རྩོད་ལ་འཕྲད་ཡོད་པ་དང་། ཧྥ་རན་སི་ཕྱོགས་ཀྱིས་རང་བཙན་རང་བདག་གིས་ཀྲུང་གོ་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་དང་དང་རིག་གནས། མི་གཞུང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྔར་ལས་ཤུགས་སྣོན་འདོད་ཡོད་ལ། ཀྲུང་གོ་ཕྱོགས་ཀྱི་ཁྲིམས་འཛུགས་ལས་ཁུངས་བར་གྱི་བརྗེ་རེས་ལ་ཤུགས་སྣོན་འདོད་ཡོད།
ཏེན་ཀྲུང་ལིས་མཇལ་འཕྲད་ལ་ཞུགས།
ལྷ་མོ་ཚེ་རིང་གིས་བསྒྱུར།