ཟླ་བཞི་པའི་ཚེས་དྲུག་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་རྣམ་གཉིས་མཉམ་དུ་ཀྲུང་གོ་དང་ཧྥ་རན་སིའི་ཁེ་ལས་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བ་མཇུག་སྒྲིལ་བའི་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།
ཟླ་བཞི་བའི་ཚེས་དྲུག་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་རྣམ་གཉིས་མཉམ་དུ་ཀྲུང་གོ་དང་ཧྥ་རན་སིའི་ཁེ་ལས་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བ་མཇུག་སྒྲིལ་བའི་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།
ཞི་ཅིན་ཕིང་གིས་གསུངས་རྒྱུར། འཛམ་གླིང་དུ་རྙོག་འཛིང་ཆེ་བའི་འགྱུར་ལྡོག་བྱུང་དང་འབྱུང་བཞིན་ཡོད། དཀའ་ཁག་དང་འགྲན་རྩོད་ཀྱི་མདུན་དུ་ཀྲུང་གོ་དང་ཧྥ་རན་སི་རྒྱལ་ཁབ་གཉིས་ཀྱིས་ཕྱོགས་མང་རིང་ལུགས་ངོ་མ་རྒྱུན་འཁྱོངས་བྱས་པ་དང་། རང་མོས་ཉོ་ཚོང་དང་དཔལ་འབྱོར་འཛམ་གླིང་ཅན་གྱི་ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ནས། ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་མཉེན་ཆ་དང་གསོན་ཤུགས་ཇེ་ཆེར་བཏང་། ཕྱོགས་གཉིས་ཀྱི་ཉོ་ཚོང་གྲངས་ཀ་དང་ཕན་ཚུན་ལ་ཐད་ཀར་དུ་མ་དངུལ་གཏོང་ཚད་བརྟན་བརླིང་སྒོས་འཕར་སྣོན་བྱུང་ཞིང་ལས་གཞི་ཆེན་པོའི་མཉམ་ལས་རྒྱ་བསྐྱེད་པ་དང་། ལྗང་མདོག་འཛད་སྤྱོད་དང་ལྗང་མདོག་ནུས་ཁུངས། ཚན་རྩལ་གསར་སྐྲུན་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱུན་ཆད་མེད་པར་རྒྱ་ཇེ་ཆེར་བཏང་།
ཀྲུང་གོ་དང་ཧྥ་རན་སིའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱིས་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་རོགས་འདེགས་བྱས་པ་དང་དམངས་ཚིས་ལེགས་བཅོས་ནུས་པ་ཇེ་ཆེར་བཏང་བར་མ་ཟད། འཛམ་གླིང་གི་དཔལ་འབྱོར་བསྐྱར་དར་བྱེད་པའི་ཆོད་སེམས་ཇེ་བརྟན་དུ་བཏང་བ་དང་སྔོན་དཔག་དུས་སྐབས་བརྟན་འཇགས་སུ་བཏང་། དེང་སྐབས་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་གསོན་ཤུགས་སྔར་ལས་ཇེ་ཆེར་འགྲོ་བ་དང་། ཀྲུང་གོ་དང་ཧྥ་རན་སི་དང་ཀྲུང་གོ་དང་ཡོ་རོབ་གླིང་གི་ཁྱབ་ཁོངས་སོ་སོའི་གྲོས་མོལ་མཉམ་ལས་ཇེ་མང་དུ་འགྲོ་བཞིན་ཡོད་པས། ང་ཚོས་གོ་སྐབས་དམ་འཛིན་བྱེད་པ་དང་། མཉམ་ལས་ལ་ཤུགས་བསྣན་ནས་མཛེས་པའི་མ་འོངས་པ་མཉམ་སྐྲུན་བྱེད་དགོས།
ང་ཚོས་སྒོ་འབྱེད་བཟོད་སྒོམ་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་གཉིས་ཀྱི་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་དགོས། ཀྲུང་གོས་མགྱོགས་མྱུར་སྒོས་རྒྱལ་ནང་གི་ཚོང་ར་རྒྱ་བསྐྱེད་ངེས་ཡིན་ལ། དེ་དང་མཉམ་དུ་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་ཤུགས་ཆེན་པོས་སྐུལ་འདེད་བཏང་སྟེ། བརྟན་བརླིང་སྒོས་སྒྲིག་སྲོལ་དང་སྒྲིག་ལུགས། དོ་དམ། ཚད་གཞི་སོགས་ལམ་ལུགས་རང་བཞིན་གྱི་སྒོ་འབྱེད་རྒྱ་བསྐྱེད་པར་མ་ཟད། ཧྥ་རན་སི་དང་བཅས་པའི་འཛམ་གླིང་གི་རྒྱལ་ཁབ་སོ་སོར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལས་ཐོབ་པའི་གོ་སྐབས་གསར་བ་ལོངས་སྤྱོད་བྱེད་དུ་འཇུག་འདོད་ཡོད། ལྗང་མདོག་དང་གྲངས་འཛིན། གསར་སྐྲུན་སོགས་ཁྱབ་ཁོངས་སུ་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་དགོས།
ང་ཚོས་རང་བཙན་རང་བདག་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོ་དང་ཡོ་རོབ་གླིང་གི་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་དགོས། ཀྲུང་གོ་དང་ཡོ་རོབ་གླིང་ནི་འཛམ་གླིང་སྣ་མང་ཅན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་གཉིས་ཡིན་པས། འཐབ་ཇུས་ཀྱི་ཐུན་མོང་ལྟ་ཚུལ་དང་ཐུན་མོང་གི་ཁེ་ཕན། དེ་མིན་མཉམ་ལས་ཀྱི་རྨང་གཞི་བརྟན་པོ་ཡོད་པ་དང་། ཀྲུང་གོ་དང་ཡོ་རོབ་གླིང་གི་མཉམ་ལས་དེ་ཐད་ཀར་དུ་ཨེ་ཤ་ཡ་དང་ཡོ་རོབ་གླིང་གི་སྐམ་ས་ཆེན་པོ་དར་རྒྱས་སུ་འགྲོ་བ་དང་འཛམ་གླིང་ཆགས་སྟངས་བརྟན་འཇགས་ཡོང་བར་འབྲེལ་བ་ཡོད། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་ཡུན་རིང་ལ་དམིགས་ཏེ་ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བ་འཕེལ་རྒྱས་སུ་བཏང་ནས། ཡོ་རོབ་གླིང་གཞི་གཅིག་ཅན་གྱི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པ་དང་། ཡོ་རོབ་གླིང་མནའ་འབྲེལ་གྱི་མཐུན་སྒྲིལ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་ངེས་ཡིན།
ང་ཚོས་མཐུན་སྒྲིལ་རོགས་ལས་རྒྱུན་འཁྱོངས་བྱས་ཏེ། འཛམ་གླིང་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། དེང་སྐབས་མིའི་རིགས་ཀྱི་སྤྱི་ཚོགས་དེ་སྔར་བྱུང་མ་མྱོང་བའི་ཐུན་མོང་གི་འགྲན་རྩོད་དང་འཕྲད་ཡོད་པས། མཐུན་སྒྲིལ་རོགས་ལས་ལ་ཤུགས་སྣོན་རྒྱུ་ནི་ཐབས་ལམ་གཅིག་པུ་ཡིན། ད་ལོར་ཀྲུང་གོས་སྐབས་གསུམ་པའི་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་ཀྱི་མཐོ་རིམ་གླེང་སྟེགས་གཙོ་སྒྲུབ་བྱེད་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སི་ཕྱོགས་དང་བཅས་པའི་ཕྱོགས་སོ་སོ་དང་མཉམ་དུ་མཉམ་གྲོས་དང་མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། རྒྱུད་གཅིག་ལམ་གཅིག་སྤྱི་ཁོག་ནང་གི་ཕྱོགས་གཉིས་དང་ཕྱོགས་གསུམ་པའི་ཚོང་རའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། འཛམ་གླིང་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བར་རེ་སྒུག་བྱས་ཡོད།
ཞི་ཅིན་ཕིང་གིས་བསྟན་དོན། ཉིས་སྟོང་བཅུ་བཞི་ལོར་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ལྔ་བཅུ་ལོན་པའི་སྐབས་སུ། བདག་གིས་ཀྲུང་གོ་དང་ཧྥ་རན་སིའི་བར་འབྲེལ་བ་བཙུགས་པའི་སྙིང་སྟོབས་དེ་རང་བཙན་རང་བདག་དང་ཕན་ཚུན་བསམ་ཤེས། མིག་རྒྱང་རིང་ཞིང་མཐོང་རྒྱ་ཡངས་པ། གཉིས་ཕན་མཉམ་རྒྱལ་བཅས་སུ་སྤྱི་སྡོམ་བྱས་ཡོད། སྙིང་སྟོབས་དེས་ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བ་དུས་དང་རྣམ་པ་ཀུན་ཏུ་ཀྲུང་གོ་དང་ནུབ་ཕྱོགས་རྒྱལ་ཁབ་ཆེན་པོའི་འབྲེལ་བའི་མདུན་གྲལ་དུ་བསྐྱོད་པར་སྣེ་ཁྲིད་བྱེད་བཞིན་ཡོད། སང་ལོང་ང་ཚོས་ཀྲུང་གོ་དང་ཧྥ་རན་སིའི་བར་འབྲེལ་བ་བཙུགས་ནས་ལོ་དྲུག་ཅུ་འགོར་བར་བསུ་མ་བྱེད་ངེས་ཡིན། རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་གནས་བབ་དང་རིམས་ནད་དུས་རབས་ཀྱི་ཉེན་ཁ་དང་འགྲན་རྩོད་ཀྱི་མདུན་དུ། ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་ཀྲུང་གོ་དང་ཧྥ་རན་སིའི་བར་འབྲེལ་བ་བཙུགས་པའི་སྙིང་སྟོབས་རྒྱུན་འཁྱོངས་དང་དར་སྤེལ་བྱས་ཏེ། ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས།
མཱ་ཁི་ལུང་གིས་བསྟན་དོན། ཅང་མ་འགོར་བའི་སྔོན་ལ་ང་དང་ཀྲུའུ་ཞི་ཞི་ཅིན་ཕིང་གཉིས་ཀྱིས་མཉམ་དུ་གྲོས་མཐུན་གལ་ཆེན་རབ་དང་རིམ་པ་བཀོད་པ་དེ་ལས་ཧྥ་རན་སི་དང་ཀྲུང་གོས་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་ཕྱོགས་ཀྱི་ཐུན་མོང་གི་བློ་སྤོབས་དང་དེ་མིན་མཉམ་དུ་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ལ་ཁ་གཏད་འཇལ་བའི་འགན་འཁྲི་མངོན་པར་བྱས་ཡོད། མཉམ་ལས་ནི་ཕྱོགས་གཅིག་ཁོ་ན་མ་ཡིན་པར་གཉིས་ཕན་མཉམ་རྒྱལ་བྱེད་པ་ཡིན། ཉམས་སད་ཐེག་པའི་མཛའ་མཐུན་ནི་ད་གཟོད་མཛའ་མཐུན་ངོ་མ་ཡིན། ཧྥ་རན་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕན་ཚུན་ལ་བརྩི་འཇོག་དང་ལྷག་བསམ་རྣམ་དག་སྒོས་གྲོས་མོལ་བྱེད་པ་དང་། སྒོ་འབྱེད་གསར་སྐྲུན་ལ་སྐུལ་ལྕག་བྱེད་པར་མ་ཟད། ལག་རྡང་སྦྲེལ་ཏེ་ཧྥ་རན་སི་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་བཏང་ནས། ཕྱོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་ནས་གྲུབ་འབྲས་གསར་བ་ཐོབ་པར་སྐུལ་འདེད་གཏོང་འདོད་ཡོད།
ཉིན་དེའི་དགོང་མོར། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་ལྡན་ཚོམས་ཁང་དུ་མཱ་ཁི་ལུང་ལ་བསུ་མ་བྱེད་པའི་གསོལ་སྟོན་ཚོགས་འདུ་བསྡུས།
ཝང་དབྱི་དང་ཆིན་ཀང་སོགས་གོང་གི་བྱ་འགུལ་ལ་ཞུགས།
བཀྲ་ཤིས་འབུམ་གྱིས་བསྒྱུར།