ཞི་ཅིན་ཕིང་གིས་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུན་ཏི་ལའེ་ཨིན་ལ་མཇལ་འཕྲད་གནང་།
2023.04.08 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 72

ཟླ་བཞི་པའི་ཚེས་དྲུག་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུན་ཏི་ལའེ་ཨིན་ལ་མཇལ་འཕྲད་གནང་།

ཟླ་བཞི་པའི་ཚེས་དྲུག་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུན་ཏི་ལའེ་ཨིན་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཡོ་རོབ་གླིང་མནའ་འབྲེལ་དེ་རྒྱལ་སྤྱིའི་གནས་བབ་ཁྲོད་ཀྱི་འཐབ་ཇུས་རང་བཞིན་ལྡན་པའི་སྟོབས་ཤུགས་ཤིག་ཏུ་མཐོང་ཡོད་ཅིང་། ནམ་རྒྱུན་ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་དེ་ཀྲུང་གོའི་ཕྱི་འབྲེལ་གྱི་ཐོག་མའི་ཁ་ཕྱོགས་སུ་བཟུང་ཡོད་ལ། ཡོ་རོབ་གླིང་བར་གྱི་སྲོལ་རྒྱུན་བཟང་བོ་རྒྱུན་འཛིན་དང་འབྲེལ་འདྲིས་ཟབ་མོ་སྲུང་འཛིན། འཐབ་ཇུས་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ། གཉིས་ཕན་མཉམ་རྒྱལ་མཉམ་ལས་གཅིག་བསྡུས། མཉམ་དུ་བར་ཆད་དང་འགྲན་རྩོད་ཁྱད་དུ་བསལ་ནས། ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བ་ཆུ་ཚད་མཐོན་པོའི་སྒོ་ནས་འཁོར་རྒྱུག་བྱེད་པ་མངོན་འགྱུར་བྱེད་འདོད་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཡོ་རོབ་གླིང་ཕྱོགས་གཉིས་ཀྱིས་འབྲེལ་འདྲིས་ལ་ཤུགས་སྣོན་པ་དང་། ཡང་དག་པའི་ཕན་ཚུན་ངོས་ཟིན་ཡོད་པར་བྱས་ནས་ནོར་འཆུག་འབྱུང་བར་སྔོན་འགོག་བྱེད་དགོས། ཀྲུང་ཧྭ་མི་རིགས་ལ་ལོ་ངོ་ལྔ་སྟོང་གི་དཔལ་ཡོན་ལོ་རྒྱུས་ལྡན་ཞིང་། ནམ་རྒྱུན་དྲག་ཤུགས་དང་བརྙས་བཅོས། བཙན་དབང་བཅས་ལ་ངོ་རྒོལ་བྱེད་བཞིན་ཡོད། ཀྲུང་གོའི་འཕེལ་རྒྱས་ནི་ཀྲུང་གོའི་མི་དམངས་ལ་འཚོ་བ་སྐྱིད་པོ་རོལ་དུ་འཇུག་རྒྱུའི་ཆེད་ཡིན། དེའི་ཞོར་དུ་ཀྲུང་གོ་ཕྱོགས་ཀྱིས་རང་སྟེང་གི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཁེ་ཕན་བཅས་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་པ་དང་། སྟོབས་ཤུགས་གང་རུང་གིས་ཀྲུང་གོའི་མི་དམངས་ཀྱིས་བདེ་སྐྱིད་འཚོལ་བསྙེག་བྱེད་པའི་ཁེ་དབང་འཕྲོག་པར་ཁས་ལེན་གཏན་ནས་བྱེད་མི་སྲིད། ཀྲུང་གོ་དང་ཡོ་རོབ་གླིང་གིས་མཉམ་ལས་དང་གཉིས་ཕན་མཉམ་རྒྱལ་གནད་དུ་བཟུང་ཞིང་། དཔལ་འབྱོར་འཛམ་གླིང་ཧྲིལ་བོ་ཅན་དང་ཉོ་ཚོང་རང་དབང་ཅན་ལ་རྒྱབ་སྐྱོར་བྱས་ཏེ། དཔལ་འབྱོར་ཉོ་ཚོང་མཉམ་ལས་ཁྲོད་ཀྱི་གནད་དོན་ཐད་ནས་གཏིང་ཟབ་ཏུ་གྲོས་མོལ་བྱས་ཏེ། གྲོས་མོལ་ལ་བརྟེན་ནས་ཕྱོགས་གཉིས་ཀྱིས་དང་ལེན་ཐུབ་པའི་བཀོད་སྒྲིག་བྱེད་དགོས། ཀྲུང་གོ་ནི་ཡོ་རོབ་གླིང་གིས་ནུས་ཁུངས་དང་དངུལ་ལོར་ཚད་བརྒལ་འགྲེམ་པ་སོགས་ཀྱི་འགྲན་རྩོད་ཐག་གཅོད་བྱེད་པ་དང་། འགྲན་རྩོད་ནུས་པ་ཇེ་དྲག་ཏུ་གཏོང་བའི་གྲོགས་པོ་གལ་ཆེན་ཞིག་ཡིན་པས། ཡོ་རོབ་གླིང་ཕྱོགས་ཀྱིས་མུ་མཐུད་དུ་ཀྲུང་གོའི་འཕེལ་རྒྱས་ཁེ་ཕན་མཉམ་སྤྱོད་བྱེད་པར་དགའ་བསུ་བྱེད་བཞིན་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བའི་འཕེལ་རྒྱས་རྣམ་པ་བཟང་བོ་དེ་སྒེར་ཚུགས་རང་བདག་དང་ཕན་ཚུན་བརྩི་འཇོག གཉིས་ཕན་མཉམ་ལས་བཅས་ལ་འབྲལ་ཐབས་མེད། ཀྲུང་གོ་ཕྱོགས་ཀྱིས་སྒེར་ཚུགས་རང་བདག་གི་ཞི་བདེའི་ཕྱི་འབྲེལ་སྲིད་ཇུས་མཐའ་གཅིག་ཏུ་ལག་བསྟར་བྱེད་པ་དང་། རྒྱལ་ཁབ་སོ་སོའི་མི་དམངས་ཀྱིས་རང་བདག་གིས་འཕེལ་རྒྱས་བགྲོད་ལམ་གདམ་གསེས་བྱེད་པའི་ཁེ་དབང་ལ་བརྩི་འཇོག་བྱེད་ངེས་ཡིན། ཀྲུང་གོས་རྒྱལ་ཁབ་གང་རུང་བར་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་དེ་ཕྱོགས་གསུམ་པ་གང་རུང་ལ་དམིགས་པ་མིན། ཀྲུང་གོ་དང་ཡོ་རོབ་གླིང་ཕྱོགས་གཉིས་ཀྱིས་བར་ཁྱད་གདོང་གིས་བསུས་ཏེ་འགལ་བར་དོ་དམ་ཚོད་འཛིན་བྱས་ནས་ཕན་ཚུན་བརྩི་འཇོག་བྱེད་དགོས། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཡོ་རོབ་གླིང་མནའ་འབྲེལ་གྱི་གཞི་རྩ་དང་རྒྱང་རིང་གི་ཁེ་ཕན་ལ་དམིགས་ཤིང་། ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བའི་ཆེ་ཕྱོགས་ནས་མགོ་བརྩམས་ཏེ། ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བ་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བར་ནུས་པ་གལ་ཆེན་འདོན་དགོས།

ཧྥུན་ཏི་ལའེ་ཨིན་གྱིས་བསྟན་དོན། ཀྲུང་གོར་ཡུན་རིང་བའི་ལོ་རྒྱུས་དང་རྔམ་མཐུག་པའི་རིག་གནས་ཡོད་ལ། ཡོ་རོབ་གླིང་དང་ཀྲུང་གོའི་དཔལ་ཡོན་བརྗེ་རེས་ལས་ཕྱོགས་གཉིས་དང་འཛམ་གླིང་ཧྲིལ་བོར་ཤུགས་རྐྱེན་གལ་ཆེན་ཐེབས་ཡོད། ཡོ་རོབ་གླིང་དང་ཀྲུང་གོའི་བར་ནམ་ཟླའི་འགྱུར་ལྡོག་སོགས་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ཐག་གཅོད་བྱེད་པ་དང་ཆབ་སྲིད་ལ་བརྟེན་ནས་ས་ཁུལ་བར་གྱི་རྩོད་གླེང་གནད་དོན་ཐག་གཅོད་བྱེད་པའི་ཐད་ཐུན་མོང་གི་ལྟ་ཚུལ་མང་བོ་བྱུང་ཡོད་ལ། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་ནས། འཛམ་གླིང་གི་ཞི་བདེ་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཐད་བྱས་རྗེས་འཇོག་དགོས་ཟེར།

ཐེ་ཝན་གནད་དོན་ཐད་ནས་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཐེ་ཝན་གནད་དོན་ནི་ཀྲུང་གོའི་ཁེ་ཕན་གཙོ་བོའི་ཁྲོད་ཀྱི་སྲོག་ཤིང་ཡིན། སུས་ཀྲུང་གོ་གཅིག་གི་གནད་དོན་ཐད་ནས་དོན་དག་བསླངས་ན་ཀྲུང་གོའི་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱིས་ཁས་ལེན་གཏན་ནས་བྱེད་མི་སྲིད་ལ། སུས་ཀྲུང་གོས་ཐེ་ཝན་གནད་དོན་ཐད་ནས་ཀུ་ཡངས་གཏོང་བར་རེ་བ་དེ་ནི་སྟོང་བསམ་ཁོ་ན་ལས་མ་འདས་པ་དང་། རྡོ་བཀྱག་ནས་མ་ནུས་པར་ཕྱིར་རང་གི་རྐང་མགོར་ལྷུང་བ་དང་གཅིག་འདྲ་ཡིན་པར་བསྟན།

ཧྥུན་ཏི་ལའེ་ཨིན་གྱིས་བསྐྱར་སྒྲོག་བྱས་དོན། ཡོ་རོབ་གླིང་མནའ་འབྲེལ་གྱིས་དུས་ཡུན་རིང་བོར་ལག་བསྟར་བྱས་པའི་ཀྲུང་གོ་གཅིག་གི་སྲིད་ཇུས་བསྒྱུར་འདོད་མེད་པ་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་ནི་ཀྲུང་གོ་ཧྲིལ་བོའི་ཚབ་བྱེད་པའི་ཁྲིམས་མཐུན་སྲིད་གཞུང་གཅིག་པུ་ཡིན་པ་ཁས་ལེན་བྱེད་བཞིན་ཡོད་ལ། ཐེ་ཝན་མཚོ་འགག་ས་ཁུལ་དུ་ཞི་བདེ་དང་གཏན་འཇགས་ཡོང་བར་རེ་བཞིན་ཡོད་ཟེར།

ཝང་དབྱི་དང་ཆིན་ཀང་སོགས་མཇལ་འཕྲད་ལ་ཞུགས།


བསོད་ནམས་ཚེ་རིང་གིས་བསྒྱུར།