མཚོ་སྔོན་ཞིང་ཆེན་གྱིས་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་དང་སྐྱེལ་འདྲེན་ཁྲིམས་འཛིན་ཁྱབ་ཁོངས་ཀྱི་འབུར་ཐོན་གནད་དོན་ཆེད་དོན་བཅོས་སྐྱོང་བྱ་བའི་བཀོད་སྒྲིག་སྐུལ་སྤེལ་བརྙན་རིས་གྲོས་ཚོགས་བསྡུས།
2023.04.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

ཟླ་བཞི་པའི་ཚེས་དྲུག་ཉིན། རང་ཞིང་གིས་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་དང་སྐྱེལ་འདྲེན་ཁྲིམས་འཛིན་ཁྱབ་ཁོངས་ཀྱི་འབུར་ཐོན་གནད་དོན་ཆེད་དོན་བཅོས་སྐྱོང་བྱ་བའི་བཀོད་སྒྲིག་སྐུལ་སྤེལ་བརྙན་རིས་གྲོས་ཚོགས་བསྡུས་ནས། ཀྲུང་དབྱང་གི་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་གཞུང་སྒྲུབ་ཁང་གི་བརྡ་སྦྱོར་གྱི་དགོངས་དོན་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་ཀྱི་མཆན་བཀོད་མཛུབ་སྟོན་དང་བླང་བྱ་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་ཡོངས་ཀྱིས་ཆེད་དོན་བཅོས་སྐྱོང་བྱ་བ་སྤེལ་བའི་ཐད་ནས་བཀོད་སྒྲིག་བྱས། ཧྲིན་ཀྲང་གཞོན་པ་ཧི་ལུའུ་ཁྲུན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

ཚོགས་ཐོག་ནས་བསྟན་དོན། ཆེད་དོན་བཅོས་སྐྱོང་བྱ་བ་སྤེལ་རྒྱུ་ནི། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པའི་ལག་ལེན་དང་། དམངས་ཀྱི་ཆེད་དུ་ཁྲིམས་སྐྱོང་བའི་འདུ་ཤེས་ལག་བསྟར་བྱེད་པ་དང་ཁྲིམས་འཛིན་ཐད་ཀྱི་སྐྱོན་ཆ་བཅོས་སྐྱོང་བྱེད་པ། གཟབ་ནན་ཚད་ལྡན་དང་འདྲ་མཉམ་དཔལ་ཡོན་སྒོས་ཁྲིམས་འཛིན་བྱེད་པའི་བྱེད་ཐབས་གལ་ཆེན་ཡིན་པས། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་བྱེད་པའི་རེ་བ་ལྟར། གཞུང་ལམ་འགྲིམ་བདེ་འཇགས་དང་སྐྱེལ་འདྲེན་ཁྲིམས་འཛིན་ཁྱབ་ཁོངས་ཀྱི་འབུར་ཐོན་གནད་དོན་བཅོས་སྐྱོང་ནན་མོ་བྱས་ཏེ། ཧུར་ཐག་གིས་བཅོས་སྐྱོང་གྲུབ་འབྲས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་རུ་བསྒྱུར་དགོས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་སུ་གཏོང་བ་དང་། མི་དམངས་དཀྱིལ་སྙིང་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ། ཁྲིམས་འཛིན་འདུ་ཤེས་དང་ཁྲིམས་འཛིན་དོ་དམ། ཁྲིམས་འཛིན་བྱེད་ཐབས། ཁྲིམས་འཛིན་ནུས་པ། ཁྲིམས་འཛིན་སྒྲིག་ལམ་བཅས་ཕྱོགས་སུ་གནས་པའི་གནད་དོན་ལ་དམིགས་ནས། གྲི་དངོ་རང་གཏོད་ཀྱི་བློ་སྟོབས་བཅངས་པ་དང་གནད་དོན་ཐག་གཅོད་པ། རྣམ་འགྱུར་ཆེས་བརྟན་པོ་དང་བྱེད་ཐབས་ཆེས་བཟང་བོ། ཆེས་དངོས་གཉེར་གྱི་སྤྱོད་ཚུལ་ལ་བརྟེན་ནས་རེབ་འདིའི་སྤྱོད་བསྲང་སྒྲིག་གཅུན་དང་རང་ཉིད་གཙང་སྒྱུར། རང་ངོས་གསར་བརྗེ་བྱེད་པའི་མཁྲེགས་གཏོར་བྱ་བ་བཟང་བོར་བསྒྲུབ་དགོས། བཅོས་སྐྱོང་གི་གཙོ་གནད་ལ་དམིགས་པ་དང་། གཙོ་གཞིའི་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ། བྱེད་ཐབས་བཟང་བོས་ཆེད་དོན་བཅོས་སྐྱོང་དམ་འཛིན་བྱེད་པ། ལམ་ལུགས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་ཁྲིམས་འཛིན་ཆུ་ཚད་མཐོར་འདེགས་སུ་གཏོང་བ། རྒྱ་ཆེའི་ལས་ཞུགས་མི་སྣ་དང་མི་དམངས་མང་ཚོགས་ཀྱིས་འགྱུར་ལྡོག་མཐོང་ཐུབ་པ་དང་ཕན་འབྲས་ལོངས་སྤྱོད་བྱེད་ཐུབ་པར་བྱས་ཏེ། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་དང་དེང་རབས་ཅན་དྲུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་བདེ་འཇགས་ན་བརྟན་འཇགས་ཀྱི་སྤྱི་ཚོགས་ཁོར་ཡུག་བསྐྲུན་དགོས།

རིན་ཆེན་མཚོས་བསྒྱུར།