རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཟླ་བཞི་བའི་ཚེས་བདུན་ཉིན་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། ཕྱི་ཕྱོགས་ཉོ་ཚོང་གི་གཞི་རྒྱ་བརྟན་འཇགས་དང་གྲུབ་ཚུལ་ལེགས་སྒྱུར་གྱི་སྲིད་ཇུས་བྱེད་ཐབས་ལ་ཞིབ་འཇུག་དང་སྐུལ་འདེད་བཏང་བ་དང་། མི་བསྡད་མེད་པའི་མཁའ་སྐྱོད་གནམ་གྲུའི་དོ་དམ་གྱི་གནས་སྐབས་ལག་བསྟར་སྲོལ་ཡིག་འཆར་ཟིན་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བར་མ་ཟད། རྒྱལ་ཁབ་ཀྱི་སློབ་རོགས་བསྐྱིད་དངུལ་གྱི་སྐྱེད་ཀ་མེད་པར་གཏོང་བ་དང་མ་རྩ་འགོར་འགྱངས་བྱས་ནས་འཇལ་བའི་སྲིད་ཇུས་མུ་མཐུད་དུ་ལག་བསྟར་བྱེད་རྒྱུ་ཐག་བཅད།
གྲོས་ཚོགས་ནས་བསྟན་དོན། ཕྱི་ཕྱོགས་ཉོ་ཚོང་གི་གཞི་རྒྱ་བརྟན་འཇགས་དང་གྲུབ་ཚུལ་ལེགས་སྒྱུར་བྱེད་པར་སྐུལ་འདེད་གཏོང་བ་དེ་འཕར་སྣོན་དང་ལས་ཞུགས་བརྟན་འཇགས་ཡོང་བ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་འཛུགས་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་གཞོགས་འདེགས་ཀྱི་ནུས་པ་གལ་ཆེན་ལྡན། ཁྱབ་ཁོངས་མི་འདྲ་བའི་དོན་དངོས་གནད་དོན་ལ་དམིགས་ཏེ། རྒྱུན་ཆད་མེད་པར་འབྲེལ་ཡོད་སྲིད་ཇུས་སྙོམས་སྒྲིག་དང་འཐུས་ཚང་དུ་གཏོང་བ་དང་། ཕྱི་ཕྱོགས་ཉོ་ཚོང་བརྟན་འཇགས་ཡོང་བའི་སྲིད་ཇུས་ལག་བསྟར་བྱས་ནས་ཁེ་ལས་དག་གིས་མངག་ཉོ་བརྟན་འཇགས་དང་ཚོང་ར་རྒྱ་བསྐྱེད་པར་རོགས་རམ་བྱེད་དགོས། ཐབས་བརྒྱ་ཇུས་སྟོང་གིས་དར་རྒྱས་ཆེ་བའི་དཔལ་འབྱོར་ཚོགས་པའི་ཕྱིར་གཏོང་བརྟན་འཇགས་ཡོང་བ་དང་། ཁེ་ལས་ཀྱིས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཚོང་ར་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་སོགས་ས་ཁོངས་ཀྱི་ཚོང་ར་རྒྱ་བསྐྱེད་པར་སྣེ་ཁྲིད་བྱེད་དགོས། ཕྱི་ཕྱོགས་ཉོ་ཚོང་གི་ཞིང་ཆེན་ཆེན་མོའི་ཕྱི་ཕྱོགས་ཉོ་ཚོང་གི་གཙོ་ཤུགས་དམག་དཔུང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ས་ཁུལ་སོ་སོར་བབ་བསྟུན་གྱི་རྒྱབ་སྐྱོར་སྲིད་ཇུས་བཏོན་ཏེ། སྲིད་ཇུས་ཀྱི་མཐུན་སྦྱོར་ཕན་ནུས་ཇེ་དྲག་ཏུ་གཏོང་དགོས་པའི་སྐུལ་མ་གཏོང་དགོས།
གྲོས་ཚོགས་ནས་མི་བསྡད་མེད་པའི་འཕུར་སྐྱོད་གནམ་གྲུའི་དོ་དམ་གྱི་གནས་སྐབས་ལག་བསྟར་སྲོལ་ཡིག་འཆར་ཟིན་ལ་གྲོས་ཞིབ་བྱས། གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ཕྱོགས་ཡོངས་ནས་རྒྱལ་ཁབ་ཀྱི་སྤྱིའི་བདེ་འཇགས་ལྟ་བ་ལག་ལེན་དངོས་འབེབས་བྱེད་པ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་འདོམས་བྱས་ཤིང་། སྲོལ་ཡིག་ལག་བསྟར་བྱེད་པ་གོ་སྐབས་སུ་བརྩིས་ཏེ། མི་བསྡད་མེད་པའི་འཕུར་སྐྱོད་གནམ་གྲུ་དང་འབྲེལ་ཡོད་བྱ་འགུལ་ཚད་ལྡན་དུ་བཏང་ནས། འབྲེལ་ཡོད་ཀྱི་ཐོན་ལས་རྒྱུན་མཐུད་དང་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གང་ལེགས་བྱེད་པ་དང་། ཤུགས་ཆེན་པོས་མཁའ་འགྲུལ་བདེ་འཇགས་དང་སྤྱི་བའི་བདེ་འཇགས། རྒྱལ་ཁབ་བདེ་འཇགས་བཅས་ལ་སྲུང་སྐྱོབ་བྱེད་དགོས།
སྔར་ལས་ལྷག་པའི་སྒོག་ནས་ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ཁག་ཡོད་པའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ཁུར་བོ་ཇེ་ཡང་དུ་གཏོང་ཆེད། གྲོས་ཚོགས་ནས་མུ་མཐུད་དུ་ད་ལོ་དང་སྔོན་ལོར་མཐར་ཕྱིན་པའི་དངུལ་སྐྱིས་སློབ་མས་ད་ལོར་འཇལ་དགོས་པའི་རྒྱལ་ཁབ་ཀྱི་སློབ་རོགས་སྐྱིས་དངུལ་གྱི་སྐྱེད་ཀ་མེད་པར་གཏོང་བ་དང་། མ་རྩ་ད་རུང་ལོ་གཅིག་ལ་འགོར་འགྱངས་བྱེད་པའི་རེ་ཞུ་བྱས་ཆོག་ལ། འགོར་འགྱངས་བྱས་པའི་སྐྱིས་དངུལ་དེ་ཆད་པའི་བུ་ལོན་དང་སྐྱེད་ཀ་མེད་པར་གཏོང་རྒྱུ་ཐག་བཅད།
གྲོས་ཚོགས་ནས་ནན་གྱིས་བསྟན་དོན། མིག་སྔར་དཔལ་འབྱོར་སླར་གསོ་དེ་གནད་འགག་གི་དུས་སྐབས་སུ་གནས་ཡོད་ཅིང་། གཏིང་ཟབ་ཏུ་རྟོག་དཔྱོད་ཞིབ་འཇུག་བྱས་པའི་རྨང་གཞིའི་སྟེང་དཔལ་འབྱོར་འཁོར་རྒྱུག་གི་ཚད་འཇལ་དང་གནས་བབ་དབྱེ་ཞིབ། སྲིད་ཇུས་ཞིབ་འཇུག་བཅས་ཀྱི་བྱ་བ་བཟང་བོར་བསྒྲུབས་པ་དང་། དུས་དང་མཐུན་པར་དངོས་གཉེར་སྤྱོད་བདེའི་སྲིད་ཇུས་བྱེད་ཐབས་བཏོན་ཏེ། སྔར་ལས་ལྷག་པའི་སྒོ་ནས་ཚོང་ར་གཏན་འཇགས་ཡོང་བ་དང་འཕེལ་རྒྱས་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ། རྒྱ་བསྐྱེད་ཀྱི་རྣམ་པ་བཟང་བོ་སྲ་བརྟན་དུ་བཏང་སྟེ། དཔལ་འབྱོར་འཁོར་རྒྱུག་སྤྱི་ཕྱོགས་ནས་ཇེ་བཟང་དུ་འགྲོ་བར་སྐུལ་འདེད་གཏོང་དགོས།
བསོད་ནམས་ཚེ་རིང་གིས་བསྒྱུར།