ཟླ་བཞི་པའི་ཚེས་བདུན་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་མཚོ་ཤར་གྲོང་ཁྱེར་དཔའ་ལུང་ཧོས་རིགས་རང་སྐྱོང་རྫོང་དང་ཞོན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་དུ་སོང་ནས། མང་ཚོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་མི་དམངས་ཀྱི་འདོད་བློར་ཉན་ལ། དཀའ་གནད་ཐག་བཅད་པ་དང་ལག་བསྟར་དམ་འཛིན་བྱས་ནས། བྱ་བའི་བཀོད་སྒྲིག་སྣ་ཚོགས་ལག་བསྟར་བྱས་ནས་གྲུབ་འབྲས་ལེན་པར་སྐུལ་འདེད་བཏང་།
དཔའ་ལུང་རྫོང་ནང་སྟོད་གྲོང་རྡལ་ཟ་ཧོར་ནང་སྡེ་བའི་ཞིང་ཞོར་ཚོང་རྫས་ཉོ་ཚོང་ཚོང་ར་དང་ཞོན་ཧྭ་ཟ་ལར་ཡུལ་དམངས་སྲོལ་རིག་གནས་ར་བ་རུ། ཁྲིན་ཀང་གིས་ཚོང་བ་ཚོ་དང་མཛའ་བརྩེའི་གླེང་མོལ་བྱས་པ་དང་། འཐེན་ཐུག་ཐོན་ལས་ཀྱི་གཞི་གྲངས་ཆེན་པོའི་སྟེགས་བུ་ནས་ཧྲང་ཧེ་རུ་ཡོད་པའི་མཚོ་སྔོན་གྱི་འཐེན་ཐུག་ཚོང་གཉེར་ཚོང་བར་བརྙན་རིས་ཀྱི་ལམ་ནས་གླེང་མོལ་བྱས་པ་བརྒྱུད་དེ། ཚོང་གཉེར་གནས་བབ་ལ་རྒྱུས་ལོན་བྱས་པར་མ་ཟད་ཁོ་ཚོས་བཏོན་པའི་བསམ་འཆར་ལ་ཉན། ཁྲིན་ཀང་གིས་བསྟན་དོན། རྩལ་ནུས་མཐོར་འདེགས་སུ་གཏོང་བ་དང་ལས་ཞུགས་ཐག་གཅོད་པ། ཡོང་སྒོ་ཇེ་མང་དུ་གཏོང་བ་བཅས་ཟུང་འབྲེལ་བྱེད་པ་དང་། སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་བརྟེན་ནས་གྲོང་གསེབ་དར་སྤེལ་ལ་རོགས་འདེགས་བྱེད་པ། སྣེ་ཁྲིད་ཁེ་ལས་གཙོ་བོའི་སྣེ་ཁྲིད་བརྒྱུད་དེ་ཞིང་ཕྱུགས་ཐོན་རྫས་ལས་སྣོན་ཐོན་ལས་ཀྱི་ཕྲེང་འབྲེལ་རྒྱུན་བསྲིང་ནས། འཐེན་ཐུག་ཐོན་ལས་ཚོང་རྟགས་ཅན་དང་ཚད་གཞི་ཅན། ཚད་ལྡན་ཅན་དུ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ་དང་། དུས་རབས་གསར་བའི་མཚོ་སྔོན་པའི་འབད་འཐབ་གཏམ་རྒྱུད་བཟང་བོར་བཤད་དགོས།
དཔའ་ལུང་རྫོང་ཚའི་མགུར་བཙོག་ཆུ་ཐག་གཅོད་བཟོ་གྲྭ་རུ། ཁྲིན་ཀང་གིས་ཡུལ་དངོས་ནས་གཞི་གཅིག་ཅན་གྱི་ཐག་གཅོད་རྫིང་བུ་དང་སྤྱི་ཁྱབ་ཚོད་འཛིན་ཁང་། བཙོག་ཆུ་ཕྱིར་གཏོང་ས་སོགས་ཀྱི་སྒྲིག་ཆས་བཀོལ་སྤྱོད་གནས་ཚུལ་ལྟ་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། ནམ་ཡང་རྗེས་འདེད་བྱེད་པ་དང་དོ་དམ་བཟང་བོ་བྱེད་པ། བཙོག་ཆུ་ཐག་གཅོད་བྱེད་ཚད་ཇེ་མང་དུ་འགྲོ་བ་སོགས་ཀྱི་གནས་ཚུལ་གསར་བར་ཁ་གཏད་དེ་ཐག་གཅོད་བྱེད་ཐབས་ཕྱིར་འདོན་པ་དང་། སྐྱེ་ཁམས་ཁོར་ཡུག་གནད་དོན་ཐད་ཀྱི་ཉེན་ཁ་མེད་པར་བཟོས་ཏེ། བྱ་སྤྱོད་དངོས་ཀྱི་སྟེང་ནས་ཀྲུང་ཧྭ་མི་རིགས་ཀྱི་མ་ཡུམ་ཆུ་བོར་སྲུང་སྐྱོབ་བྱེད་དགོས།
དཔའ་ལུང་རྫོང་ཏང་གཤིས་སློབ་གསོ་ཉམས་ལེན་ཁང་དང་དུས་རབས་གསར་བའི་དཔལ་ཡོན་ལག་ལེན་མཚོ་སྔོན་དཔའ་ལུང་ལྟེ་གནས། ཞོན་ཧྭ་རྫོང་ཁྲ་ཧྭན་ཏུའུ་སི་ཡུལ་ཚོ་ཧོང་ཀོང་སྡེ་བ། བིས་མདོ་ཡུལ་ཚོ་པན་ཆེན་སྐུ་ཕྲེང་བཅུ་པའི་འཁྲུངས་ཡུལ་བཅས་སུ། ཁྲིན་ཀང་གིས་ས་དེའི་གསར་བརྗེའི་ལོ་རྒྱུས་དང་གཞི་རིམ་ཏང་འཛུགས་སོགས་བྱ་བར་རྒྱུས་ལོན་གསལ་བོ་བྱས་ནས་ནན་གྱིས་བསྟན་དོན། གཞུང་ལུགས་སྒྲོག་འགྲེལ་བྱེད་ཐབས་གསར་གཏོད་བྱེད་པ་དང་། མང་ཚོགས་རང་བཞིན་གྱི་རིག་གནས་བྱ་འགུལ་སྤེལ་བ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་བཙུགས་ནས། རིགས་སོ་སོའི་མང་ཚོགས་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་དུ་འཇུག་དགོས། དཔའ་ལུང་རྫོང་ཚའི་མགུར་མུའུ་སི་ལིན་ཆོས་ཁང་དུ། ཁྲིན་ཀང་གིས་དགོན་སྡེ་དོ་དམ་གནས་ཚུལ་གསལ་བོར་དྲིས་ནས་ནན་གྱིས་བསྟན་དོན། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཕན་ཚུན་འཚམ་མཐུན་ཡོང་བར་སྣེ་ཁྲིད་བྱེད་དགོས།
རྟོག་ཞིབ་བྱེད་སྐབས་ཁྲིན་ཀང་གིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་བྱེད་པའི་དམིགས་འབེན་ནི་བཀོལ་སྤྱོད་བྱེད་རྒྱུ་དེ་ཡིན་པས། རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་དགོངས་པ་སློབ་སྦྱོང་བྱེད་པ་དང་ཏང་གཤིས་ཇེ་དྲག་ཏུ་གཏོང་བ། ལག་ལེན་ལ་དོ་སྣང་བྱེད་པ། བྱས་རྗེས་གསར་བ་འཇོག་པའི་སྤྱིའི་བླང་བྱ་ལྟར། ཡུལ་དངོས་སུ་སོང་ནས་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་ཏེ། བརྟག་དཔྱད་ཞིབ་འཇུག་གི་བརྒྱུད་རིམ་དེ་གཞུང་ལུགས་སློབ་སྦྱོང་ལག་ལེན་བཀོལ་སྤྱོད་དུ་བསྒྱུར་བའི་བརྒྱུད་རིམ་དུ་འགྱུར་བར་བྱེད་དགོས། གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་འགོག་ར་དང་ཏང་ཡོན་ལས་བྱེད་པའི་གདོང་ལེན་དཔེ་མཚོན་ནུས་པ་འདོན་སྤེལ་བྱེད་པ་དང་། གསར་གཉིས་རྩ་འཛུགས་ཀྱི་ཏང་འཛུགས་དམ་འཛིན་བྱེད་པ། ཏང་ཡོན་དཔུང་སྡེའི་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ། འཐབ་རྩོད་སྙིང་སྟོབས་དར་སྤེལ་གཏོང་བ། འཐབ་རྩོད་ཀྱི་ནུས་པ་ཇེ་ཆེར་གཏོང་བ། རང་འགུལ་གྱིས་ཁག་ཁུར་འབད་འཐབ་བྱས་ནས། རྒྱ་ཆེའི་མང་ཚོགས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཁྲོད་ཟབ་ཞུགས་བྱེད་པར་སྣེ་ཁྲིད་བྱེད་དགོས།
ཝུའུ་ལ་ཙི་པེ་ཁི་རེ་སུའུ་ལིས་ཧྭན་དང་ཀྲུའུ་ཞང་ཧྥིན་གཉིས་རྟོག་ཞིབ་ལ་ཞུགས།
རིན་ཆེན་མཚོས་བསྒྱུར།