ཟླ་བཞི་པའི་ཚེས་བདུན་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀོང་ཀྲིག་གྲོང་ཁྱེར་སུང་ཡོན་དུ་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་ལ་དངོས་གཞི་མིན་པའི་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་མཱ་ཁི་ལུང་ཀོང་ཀྲིག་ཏུ་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས་པར་མ་ཟད། ཙུང་ཐུང་མཱ་ཁི་ལུང་དང་ཡང་བསྐྱར་མཉམ་འཛོམས་བྱུང་ནས་གསུང་གླེང་ལྷུག་པོར་གནང་བར་དགའ་སྤྲོ་སྐྱེས་པའི་ཚུལ་བསྟན།
ཞི་ཅིན་ཕིང་གིས་དེང་སྐབས་ཀྱི་ཀྲུང་གོ་ཤེས་རྟོགས་བྱེད་པར་ཅིས་ཀྱང་ཀྲུང་གོའི་ལོ་རྒྱུས་ཤེས་རྟོགས་བྱ་རྒྱུ་ནས་མགོ་རྩོམ་དགོས། ཀོང་ཀྲིག་ནི་ཀྲུང་གོ་ཡི་དམངས་གཙོ་གསར་བརྗེའི་འབྱུང་གནས་དང་ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་ཀྱི་རུ་འདྲེན་པ་ཡིན། ལོ་ངོ་སྟོང་གཅིག་ལྷག་གི་ཡར་སྔོན་ནས་བཟུང་ཀོང་ཀྲིག་ནི་མཚོ་ཐོག་དར་གོས་ཚོང་ལམ་ཞིག་ཡིན་ལ། ལོ་ངོ་སྟོང་གཅིག་ལྷག་གི་སྔོན་ལ་གནས་འདི་ནས་ཀྲུང་གོའི་ཉེ་རབས་དང་དེང་རབས་ཀྱི་ཡར་རྒྱས་སྒོ་ཆེན་ཕྱེས་པ་ཡིན། ལོ་ངོ་བཞི་བཅུ་ལྷག་གི་སྔོན་ལ། གནས་འདི་ནས་དཔལ་འབྱོར་དམིགས་བསལ་ས་ཁུལ་འཛུགས་སྐྲུན་བྱེད་པའི་ལམ་བུ་ཐོག་མ་བཏོད། དེང་སྐབས་ཀོང་ཀྲིག་གིས་ཀོང་ཏུང་དང་ཞང་ཀང་། ཨོ་མིན་བཅས་ཀྱི་མཚོ་ཁུགས་ཆེན་པོའི་ས་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གང་ལེགས་བཏང་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་སྣེ་ཁྲིད་དང་རུ་འདྲེན་ལྟ་བུའི་ནུས་པ་འདོན་སྤེལ་བྱེད་བཞིན་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་མཱ་ཁི་ལུང་ལ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ངོ་བོའི་ཁྱད་ཆོས་དང་ལྟེ་བའི་དོན་སྙིང་ངོ་སྤྲོད་བྱས་ཏེ། ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད་ཅིང་། དེ་ནི་ཀྲུང་གོས་བཅོས་སྒྱུར་སྒོ་འབྱེད་དང་གསར་གཏོད་འཕེལ་རྒྱས་ཐེངས་མང་བྱས་པ་བརྒྱུད་དེ། རིམ་གྱིས་གྲུབ་པའི་དེང་རབས་ཅན་གྱི་སྤྱིར་བཏང་གི་ཆོས་ཉིད་དང་འཚམ་ལ་དམིགས་བསལ་ཁྱད་ཆོས་ཀྱང་ལྡན་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་གཞུང་ལུགས་དང་ལག་ལེན་ཞིག་ཡིན། ང་ཚོ་ཀྲུང་གོའི་འཕེལ་རྒྱས་ཀྱི་མདུན་ལམ་ལ་རེ་ལྟོས་ཀྱིས་ཁེངས་ཡོད། ཧྥ་རན་སི་ཕྱོགས་ཀྱིས་ཀོང་ཀྲིག་ཉོ་ཚོང་བྱེད་སྒོ་དང་ཧྲང་ཧེ་དངོས་མང་བཤམས་སྟོན་བྱེད་སྒོ། ཀྲུང་གོའི་རྒྱལ་སྤྱི་ཞབས་ཞུ་ཚོང་དོན་ཉོ་ཚོང་བཅས་ཀྱི་ཁྲོད་མུ་མཐུད་ཞུགས་ནས། ཀྲུང་གོའི་ཁྲོམ་ར་སྔར་ལས་རྒྱ་སྐྱེད་གཏོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་ནན་གྱིས་གསུངས།
མཱ་ཁི་ལུང་གིས་མཛའ་མཐུན་ངོ་མ་ནི་ཕན་ཚུན་བསམ་ཤེས་དང་ཕན་ཚུན་བརྩི་འཇོག་བྱས་པ་ལས་བྱུང་བ་ཡིན། ཧྥ་རན་སི་ཕྱོགས་ཀྱིས་ཀྲུང་གོས་ཧྥ་རན་སི་དང་ཡོ་རོབ་ཀྱི་རང་བཙན་རང་བདག་དང་མཐུན་སྒྲིལ་གཅིག་གྱུར་རྒྱུན་འཁྱོངས་བྱ་རྒྱུའི་ཐད་ཐོག་མཐའ་བར་གསུམ་དུ་རྒྱབ་སྐྱོར་བྱས་པར་ཧྥ་རན་སི་ཕྱོགས་ཀྱིས་བསྟོད་བསྔགས་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་དང་མཉམ་དུ་ཕན་ཚུན་བར་གྱི་བདག་དབང་དང་མངའ་ཁོངས་ཆ་ཚང་བ་སོགས་ལྟེ་བའི་ཁེ་ཕན་ལ་བརྩི་འཇོག་བྱེད་རྒྱུ་དང་ལག་རྩལ་བཟོ་ལས་མཉམ་ལས་ལ་ཤུགས་སྣོན་པ། ཕན་ཚུན་གྱི་ཁྲོམ་རའི་སྒོ་མོ་འབྱེད་པ། མིས་བཟོས་རིག་ནུས་སོགས་ཚན་རྩལ་མཉམ་ལས་ལ་ཤུགས་སྣོན་པ་བཅས་བྱས་ནས། རང་སོ་སོའི་འཕེལ་རྒྱས་དང་དར་རྒྱས་མངོན་འགྱུར་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།
ཞི་ཅིན་ཕིང་གིས་མཱ་ཁི་ལུང་དགོང་ཟས་མཉམ་དུ་རོལ་བར་གདན་འདྲེན་ཞུས་ཏེ། ཕྱོགས་གཉིས་ཀས་ཝུའུ་ཁི་ལན་གྱི་གནད་དོན་སོགས་ཐུན་མོང་གིས་དོ་ཁུར་བྱེད་ཀྱིན་པའི་གནད་དོན་ཐད་ནས་དགོངས་འཆར་བརྗེ་རེས་གནང་།
ཕྱོགས་གཉིས་ཀས་ཀྲུང་ཧྥའི་མཉམ་འབྲེལ་གསལ་བསྒྲགས་སྤེལ།
ཝང་དབྱི་དང་ཆིན་ཀང་སོགས་གོང་གསལ་བྱེད་སྒོའི་ཁྲོད་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།